སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་རྒྱས་བ་ཚོགས་པ།
2015.08.07
སྲིད་སྐྱོང་མཆོག་གིས་ཕྱོགས་ཡོངས་ནས་ཡིད་ཆེས་དང་མཐུན་འགྱུར་བྱུང་བར་བཀའ་དྲིན་གཏང་རག་མཚོན་ཕྱིར་མཆོད་འབུལ་སྨོན་ལམ་གནང་བ།
དེ་ཡང་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ལས་འཁུར་བཞེས་ནས་ལོ་ངོ་བཞི་འཁོར་བའི་སྔ་ནུབ་ཏེ། ཕྱི་ཟླ་བརྒྱད་པའི་ཚེས་༧ ཉིན་ད་བར་ཁོང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་མཐའ་དག་བགེགས་མེད་ལམ་ལྷོངས་བྱུང་བའི་བཀའ་དྲིན་གསབ་ཆེད་དང་། ལྷག་པར་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ་རེད།
སྤྱི་ཟླ་༨པའི་ཚེས་༨དེ་ནི་སྲིད་སྐྱོང་མཆོག་གིས་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་བཞེས་ཏེ་ལོ་བཞི་ཧྲིལ་པོ་འཁོར་བའི་ཉིན་མོ་དེ་ཡིན་པ་དང་། ལས་ཡུན་དེའི་རིང་ལས་དོིན་ཆེ་ཕྲ་གང་ཅིར་བགེགས་མེད་ལམ་ལྷོངས་བྱུང་བ་དེ་ནི་གཙོ་ཆེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས་གདོང་གྲོགས། ཁྱད་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་མཐུན་འགྱུར་བཅས་ལ་བརྟེན་ནས་བྱུང་བ་ཡིན་པ་དེར་བཀའ་དྲིན་གཏང་རག་མཚོན་ཕྱིར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཚེ་སྒྲུབ་དང་། ད་ཕན་བོད་བསྟན་སྲིད། མི་རིགས། རང་དབང་སོགས་ཀྱི་དོན་དུ་གཞིས་བྱེས་གཉིས་ནས་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་བཏང་གནང་མཁན་འདས་གསོན་ལྟོས་འབྲེལ་ཡོངས་ཀྱི་ཆེད་དུ་མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་བ་སྨོན་ལམ་ཞུ་རྒྱུའི་ཆེད་དུ། དེ་རིང་ཟླ་༨ཚེས་༧རེས་གཟའ་པ་སངས་ཀྱི་ཕྱི་དྲོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ་རེད།
ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་དུ་གནས་པའི་རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་། སྔགས་པ་དང་། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་གནས་པའི་དགེ་འདུན་པ་དང་། བཙུན་མ་སྔགས་པ་བཅས་དང་། དེ་བཞིན་མི་དམངས་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཆུ་ཚོད་བཞི་པ་ནས་ལྔ་པ་བར་སྨོན་ལམ་གསུང་འདོན་གནང་བ་དང་སྲིད་སྐྱོང་མཆོག་ནས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་སྐོར་གསུང་བཤད་གནང་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།