སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཐུགས་འགན་གཙོ་བོ་ནི། བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པར་གསུངས།

སྤྱི་ལོ་ ༢༠༢༡ལོའི་སྤྱི་ཟླ་ ༧ པའི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་དུ་འཚམས་གཟིགས་སུ་ཕེབས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་སྐབས། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་འགན་གལ་ཆེ་ཤོས་དེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་ཡིན་པ་གསུངས་ཤིང་། འབྱུང་འགྱུར་༧གོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པ་ཡིན་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་འབྲེལ་བའི་ཐོག་ལ་ཁ་གསལ་ཆགས་རྒྱུ་ཡིན་པ་གསུངས་གནང་སོང་།
སྤྱིར་འཛམ་གླིང་ནང་དུ་བོད་ཀྱི་གནད་དོན་ཐད་འགྲེལ་་བཤད་རྒྱག་མཁན་ཁག་གཉིས་ཡོད་པ་ལས། གཅིག་ནི་རྒྱ་ནག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གིས་འགྲེལ་བཤད་གང་བརྒྱབ་པ་དེ་འཁྱོག་བཤད་མ་གཏོགས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་གི་མེད་པ་གསལ་པོ་རེད། གཞན་འགྲེལ་བཤད་རྒྱག་མཁན་དེ་བོད་པ་ཚོ་ཡིན་པས། བོད་ཕྱི་ནང་གཉིས་ཀྱི་དངོས་ཡོད་གནས་ཚུལ་དེ་དག་གཞིར་བཞག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ལས་འགན་དེ་ང་ཚོར་ཡོད་པ་གསུངས་ཤིང་། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་བོད་ནང་དུ་ཡོད་པའི་བོད་མིའི་ཚོའི་མགྲིན་ཚབ་པ་ལྟ་བུ་ཆགས་ཡོད་པ་གསུངས་གནང་སོང་།
ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེ་ཤོས་ཤིག་ནི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱོད་བཞིན་ཡོད་པ་དེ་ཡིན་པ་དང་། ད་ལྟ་བར་དུ་ནང་སྲིད་ཀྱི་མི་འབོར་གྲངས་བཤེར་ལ་བལྟས་པ་ཡིན་ན། རྒྱལ་བལ་འབྲུག་གསུམ་ནང་བོད་མི་སྟོང་ཕྲག་ ༦༠ ཙམ་ཡོད་པ་གསལ་འདུག་ཀྱང་། འབྱུང་འགྱུར་ཟླ་བ་གཉིས་ནང་ཚུད་ལ་རྒྱལ་བལ་འབྲུག་གསུམ་ནང་དོན་དངོས་བོད་མིའི་མི་འབོར་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་ཚད་ལྡན་ཞིག་ལེན་འཆར་ཡོད་པ་གསུངས་གནང་སོང་།
གཞན་ཡང་བོད་ཀྱི་སྨན་རྩིས་ཁང་ནི་རྒྱ་གར་གྱི་སྲོལ་རྒྱུན་སྨན་གྱི་སྡེ་ཚན་ཨ་ཡུ་ཤི(Ayush) ཡི་ཁོངས་སུ་ངོས་འཛིན་གནང་བ་ཞིག་ཡིན་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གར་ཕྱི་སྲིད་ལྷན་ཁོངས་སུ་བོད་ཀྱི་སྨན་རྩིས་ཁང་ལ་ཆེ་མཐོང་དགོས་པ་དང་། རྒྱ་གར་གཞུང་གིས་ངོས་ནས་སྨན་རྩིས་ཁང་རྒྱ་སྐྱེད་གཏོང་རྒྱུ་ལ་སོགས་པའི་མཐུན་རྐྱེན་སྦྱོར་སྤྲོད་དགོས་སྐོར་རེ་སྐུལ་ཞུས་པས། རྒྱ་གར་གཞུང་ཕྱོགས་ནས་གཏན་གཏན་དགོངས་བཞེས་གནང་རྒྱུ་ཡིན་པ་གསུངས་ཡོད་ལུགས་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་གནང་འདུག།