སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཞིས་སྒར་ཁག་ཏུ་འཚམས་གཟིགས་མུ་མཐུད་གནང་བཞིན་པ།

2025.01.29
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཞིས་སྒར་ཁག་ཏུ་འཚམས་གཟིགས་མུ་མཐུད་གནང་བཞིན་པ། སྲིད་སྐྱོང་མཆོག་ནས་ཏི་ཛུ་དར་རྒྱས་གླིང་གི་མང་ཚོགས་ལ་གསུང་བཤད་སྐབས། ༢༠༢༥།༠༡།༢༧ ཉིན།
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་བ་འདིའི་ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ནཱ་གྷ་ལེནཌ་མངའ་སྡེའི་ས་གནས་དྷི་མ་པུར་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱ་ས་ཨི་ཊཱ་ན་གར། མེའོ། ཏིཛུ། དང་ ནུབ་སྦང་གྷལ་མངའ་སྡེའི་རྡོ་རྗེ་གླིང་ཁུལ་གྱི་ཁ་འཐོར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་ཏི་ཛུ་དར་རྒྱས་གླིང་དུ་ཕེབས་འབྱོར་གྱིས་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་གསོན་པོར་གནས་ཐུབ་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་པས། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་དེ་བཞིན་ལོ་འཁོར་མི་གཅིག་རིང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ནས་མགོན་པོ་མཆོག་གི་སྐུ་དྲིན་དྲན་པའི་ཐོག་ནས་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་དགོས་གལ་ཆེ་བ་ཡིན་སྐོར་དང་། ལྷག་པར་བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ལ་དོ་སྣང་དགོས་གལ་ཆེ་བ། དེ་བཞིན་བོད་མིའི་འཐབ་རྩོད་མུ་མཐུད་གནས་པར་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དགོས་གལ་ཆེ་བར་སོང་། དེའི་ཐད་བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་སྐྱོར་སྣ་མང་བརྒྱུད་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་པ་སོགས་གསལ་སྟོན་གནང་འདུག

མ་ཟད་སྐབས་དེར་སྲིད་སྐྱོང་མཆོག་གིས། གནའ་བོའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། དེའི་གལ་གནད་སོགས་ཀྱི་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་འདུག

IMG_9315.jpeg
ཏི་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ལས་ཁུངས་དང་མགྲོན་ཁང་གསར་པ་དབུ་འབྱེད་སྐབས། ༢༠༢༥།༠༡།༢༧ ཉིན།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཏི་ཛུ་དར་རྒྱས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་ཁྲོད། ས་གནས་ཀྱི་དགོན་སྡེ་ཁག་དང་མཉམ་འབྲེལ་སྡེ་ཚན་ཁག བུ་བཅོལ་ཁང་། རྒན་གསོ་ཁང་། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། ཏི་ཛུ་སམ་བྷོ་ཊ་སློབ་གྲྭ་དང་གཞིས་གྲོང་ཁག་ལྔ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམས་དང་ཐུག་འཕྲད་གནང་སྟེ། ཏི་ཛུ་ས་གནས་འགོ་འཛིན་ལས་ཁུངས་དང་མགྲོན་ཁང་གསར་པ་དབུ་འབྱེད་གནང་འདུག

གཞན་ཡང་འདི་ཚེས་ ༢༨ ཉིན་སྲིད་སྐྱོང་མཆོག་ནུབ་སྦེང་གྷལ་མངའ་སྡེའི་གྲངས་ཁྱེར་ས་ལུ་སྒར་ཕེབས་འབྱོར་གྱིས། ཁུལ་དེར་གནས་སྡོད་ས་གནས་མི་མང་ཐུག་འཕྲད་དང་གསར་དུ་འཛུགས་སྐྲུན་ཞུས་པའི་ས་ལུ་སྒར་མི་མང་ཚོགས་ཁང་དབུ་འབྱེད་གནང་ཡོད་པ་རེད། དེ་རྗེས་སྲིད་སྐྱོང་མཆོག་ཁར་ཤང་། རྡོ་རྗེ་གླིང་། བསུ་ན་མདའ་དང་མི་རིག་བཅས་སུ་ཕེབས་ཐོན་གྱིས་ས་གནས་མི་མང་ལ་ཐུག་འཕྲད་དང་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་མུ་མཐུད་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎