སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ལ་དྭགས་བྱང་ཐང་ཁུལ་གྱི་འཚམས་གཟིགས་ཉིན་གཉིས་པ་ཕྱི་ཚེས་༡༡ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་དང་ཐག་ཉེ་ཤོས་ཆགས་ཀྱི་ཡོད་པ་བྱང་ཐང་བཀག་གཞུང་དང་རྒོད་ཡུལ་དུ་ཆགས་པའི་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་དང་། ས་གནས་སུ་གནས་བཞུགས་བོད་མི་རྣམས་ལ་མཇལ་འཕྲད་གནང་ཡོད་པ་རེད།
བྱང་ཐང་བཀག་གཞུང་ཁུལ་དུ་སྲིད་སྐྱོང་མཆོག་གིས་མི་མང་ལ་བཀའ་སློབ་གནང་སྐབས། ས་གནས་སུ་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་དང་མཉམ་མི་ཀུན་གྱིས་སེམས་པ་བཟང་པོ་བྱེད་དགོས་པ་དང་། བོད་མི་ནང་ཁུལ་འཆམ་མཐུན་ངང་གནས་དགོས་པ་གསུངས་གནང་སོང་།
ལ་དྭགས་བྱང་ཐང་བཀག་གཞུང་ས་གནས་སུ་བོད་པའི་དུད་ཁྱིམ་༦༥དང་བོད་མི་༢༧༠ལྷག་ཡོད་པ་རེད་འདུག་ལ་ས་གནས་ཀྱི་བོད་མི་རྣམས་ཀྱི་འཚོ་ཐབས་གཙོ་བོ་འབྲོག་ལས་དང་ལམ་བཟོ་ཡིན་པ་རེད་འདུག
སྲིད་སྐྱོང་མཆོག་གིས་བྱང་ཐང་བཀག་གཞུང་དུ་འཚམས་གཟིགས་འགྲུབ་རྗེས་བྱང་ཐང་རྒོད་ཡུལ་ཁུལ་དུ་ཕེབས་པ་དང་། རྒོད་ཡུལ་ས་གནས་ནི་འཕགས་བོད་གཉིས་ཀྱི་ས་མཚམས་དང་ས་ཐག་ཉེ་ཤོས་དེ་ཡིན་དུས། སྲིད་སྐྱོང་མཆོག་གིས་བོད་མཐོང་མྱོང་མེད་ན་ཡང་བོད་དང་ཐག་ཉེ་བོར་སླེབས་དུས་དམིགས་བསལ་གྱི་སེམས་ཚོར་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར་གསུངས་འདུག
བྱང་ཐང་རྒོད་ཡུལ་ཁུལ་གྱི་མི་མང་ཚོས་ས་གནས་བོད་མི་རྣམས་ཀྱི་གནས་སྟངས་དང་དཀའ་ངལ་ཁག་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་སོང་། བྱང་ཐང་རྒོད་ཡུལ་དུ་བོད་པའི་དུད་ཁྱིམ་༢༡་དང་བོད་མི་༡༢༠ཙམ་ཡོད་པ་ཁོང་རྣམས་ཀྱི་འཚོ་ཐབས་གཙོ་བོ་འབྲོག་ལས་ཡིན་པ་རེད་འདུག་ལ། དེང་སང་བྱང་ཐང་ཁུལ་གྱི་ས་གནས་ཁག་མང་ཆེ་བར་འབྲོག་པའི་འཚོ་བ་སྐྱེལ་མཁན་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་སོང་།
སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་བཀག་གཞུང་དང་རྒོད་ཡུལ་དུ་འཚམས་གཟིགས་འགྲུབ་པའི་རྗེས། བྱང་ཐང་ཧན་ལེ་ཁུལ་གྱི་ས་གནས་ཀྱི་གཞིས་ཆགས་ལ་འཚམས་གཟིགས་དང་། ས་གནས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་ནས་སྨན་རྩ་འདེབས་འཛུགས་ཀྱི་ཚོད་ལྟའི་འཆར་གཞི་གནང་སར་གཟིགས་སྐོར་གནང་སོང་། ཕྱི་ཚེས་༡༢ཉིན་མོར་སྲིད་སྐྱོང་མཆོག་གིས་བྱང་ཐང་ཧན་ལེ་ས་གནས་སུ་གནས་བཞུགས་གནང་མཁན་གྱི་བོད་མི་རྣམས་ལ་མཇལ་འཕྲད་གནང་བ་དང་། རིམ་པས་ལ་དྭགས་བོད་ཁྱིམ་ཧན་ལེ་ཡན་ལག་སློབ་གྲྭར་འཚམས་གཟིགས་དང་། བྱང་ཐང་ཅུ་མུར་ཁུལ་ཀྱི་བོད་མི་རྣམས་དང་མཇལ་ཕྲད་གནང་རྗེས་བྱང་ཐང་སུམ་མདོ་ཕྱོགས་ལ་ཕེབས་ཐོན་གནང་རྒྱུའི་མཛད་འཆར་འདུག
སྲིད་སྐྱོང་མཆོག་གིས་ལ་དྭགས་ཁུལ་གྱི་འཚམས་གཟིགས་ཡོངས་སུ་འགྲུབ་རྗེས། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་དང་། མཛད་རིམ་གཞན་ཁག་ཅིག་གི་ཆེད་ཕྱི་ཟླ་༧པའི་ཚེས་༡༨ནས་ཟླ་༨ཚེས་༤བར་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།