སྲིད་སྐྱོང་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་དང་མཛད་སྒོ་ཞིག་གི་ཐོག་མཇལ་འཕྲད་གནང་འདུག

* གནས་ཚུལ་ཁ་སྣོན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། སྤྱི་ཟླ་༤པའི་ཚེས་༣༠ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་པའི་གྲོགས་པོ་ཡིན་པ་སྐུ་ཞབས་(Andre Gattolin)་ལགས་སུ་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་མཛད་སྒོའི་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བ་དང་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་༢༠༡༦ལོའི་སྤྱི་༩བའི་ཚེས་༡༢་ཉིན་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་མཆོག་གི་མཚན་རྟགས་བསྐྱོན་གནང་ཡོད་པ་ཞིག་ཕུལ་བ་དང་མཉམ་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མཆོག་ལ་བོད་དོན་མ་བརྗེད་པར་ཐུགས་སྣང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཧྥ་རན་སིའི་སྲིད་འཛིན་དང་ངོ་མཇལ་བྱུང་བ་འདི་ནི་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་དང་ཡོ་རོབ་མང་གཙོའི་ཡུལ་གྲུ་ཆེ་གྲས་ཤིག་གི་དབུ་ཁྲིད་མཇལ་བ་ཐོག་མ་དེ་ཡིན་པ་རེད།
ཡང་སྤྱི་ཟླ་༥་བའི་ཚེས་༡ཉིན་སྲིད་སྐྱོང་མཆོག་གིས་ཨི་ཊ་ལི་ནས་མི་མང་ལ་བོད་དོན་གཏམ་བཤད་གནང་སྐབས། ང་ཚོ་བོད་མི་བཙན་བྱོལ་བར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་དང་། བཙན་བྱོལ་བ་དང་སྐྱབས་བཅོལ་བའི་ཁྲོད་མང་གཙོའི་སྒྲིག་འཛུགས་མ་ལག་ཚང་བ་ང་ཚོ་ལས་ལྷག་མི་འདུག དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕུགས་རྒྱང་རིང་བོའི་དགོངས་གཞི་དང་བཀའ་དྲིན་ཡིན་པ་དང་། དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་སྐོར་བསྐྱོད་བྱེད་སྐབས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་བཀའ་ངལ་གང་ཡང་མེད་པ་དང་། ཁ་སང་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་མཆོག་གི་མཚན་རྟགས་ཞུས་བ་དེ་ཕུལ་རྒྱུའི་གོ་སྐབས་བྱུང་བ་སོགས་གསུངས་འདུག
(The Legion of Honor)་ཞེས་པའི་གཟེངས་རྟགས་དེ་ནི། ཧྥ་རན་སིའི་རྒྱལ་ཡོངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན་པ་དང་། འཛམ་གླིང་གི་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཤིག་ཀྱང་ཡིན་པ་རེད། དེ་ནི་ཧྥ་རན་སིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་ལས་དོན་གྱི་ཁྱབ་ཁོངས་ཡོངས་ནས་ཆེས་འོས་ཤིང་འཚམས་པའི་སྤྱི་དམངས་ལ་གཟེངས་རྟགས་འབུལ་སྲོལ་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་སོགས་སུད་སིའི་ནང་གི་གཞུང་དོན་འཚམས་གཟིགས་འགྲུབ་རྗེས་ཧྥ་རན་སི་དང་དེ་ནས་ཨི་ཊ་ལིའི་ནང་གཞུང་དོན་འཚམས་གཟིགས་ཆེད་ཕེབས་ཡོད་པ་རེད།
རིང་མིན་ཕྱི་ཟླ་༥བའི་ཚེས་༥ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་གྱི་ཡོད་པ་དང་། ཕྱི་ཚེས་༦དང་༧སོ་སོར་ཧྥ་རན་སིའི་ནང་ཧྥ་རན་སིའི་སྲིད་འཛིན་གཙོས་གནད་ཡོད་ཀྱི་མི་སྣ་ཁག་དང་མཇལ་འཕྲད་ལ་སོགས་གནང་རྒྱུ་ཡིན་འདུག་པར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།