སྲིད་སྐྱོང་མཆོག་གིས་༢༠༠༠་ཞི་བདེའི་གླེང་སྟེགས་སྟེང་མ་འོངས་བོད་ཀྱི་གནས་སྟངས་ཐད་གླེང་མོལ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་༢༠༠༠ ཞི་བདེའི་གླེང་སྟེགས་སྟེང་མ་འོངས་བོད་ཀྱི་གནས་སྟངས་ཐད་གླེང་མོལ་གཏམ་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་༢༠༠༠་ཞི་བདེའི་གླེང་སྟེགས་སྟེང་མ་འོངས་བོད་ཀྱི་གནས་སྟངས་ཐད་གླེང་མོལ་གནང་སྐབས། ༡༠།༡༥།༢༠༢༤ CTA

ཟླ་༡༠ཚེས་༡༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་འཚོགས་པའི་༢༠༠༠ལོའི་ཞི་བདེའི་གླེང་སྟེགས་ཐེངས་༢༨པའི་ཐོག་(National Endowment for Democracy)་ཞེས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་དང་ཚོགས་གཙོ་སྐུ་ཞབས་(Carl Gershman)་ལགས་དང་ལྷན་དུ་མ་འོངས་བོད་ཀྱི་གནས་སྟངས་ཞེས་བའི་བརྗོད་གཞིའི་ཐོག་གླེང་མོལ་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་བཙན་འོག་ཏུ་བོད་ནང་གི་བོད་མི་༡༥༧ཙམ་གྱིས་རང་ལུས་མེར་སྲེག་བཏང་བའི་ཉག་ཕྲ་བའི་བོད་ཀྱི་གནས་སྟངས་གནས་སྟངས་ངོ་སྤྲོད་གནང་ཡོད་ཅིང་། བོད་ནང་རྒྱ་ནག་གཞུང་གིས་གསར་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ལ་རྒྱ་ནག་གི་སློབ་གསོ་སྤྲོད་བཞིན་ཡོད་པ། དེ་བཞིན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གར་སོང་ཆ་མེད་དུ་བཏང་སྟེ་རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་ཞིག་བསྐོ་བཞག་བྱས་ཡོད་པ་སོགས་ཀྱི་གནས་སྟངས་སྐོར་གླེང་སློང་གནང་ཡོད་པ་རེད།
ད་དུང་སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་གི་སྐུའི་མ་འོངས་སྐུའིཡང་སྲིད་ཕེབས་ཕྱོགས་དང་། དབུ་མའི་ལམ་གྱི་ངོ་བོ་དང་གལ་གནད། དེ་བཞིན་༧གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གྱིས་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་མཛད་པའི་གནད་འགག་སོགས་ཀྱི་སྐོར་བཀའ་མོལ་ལྷུག་པོ་གནང་ཡོད་པ་རེད།
གཞན་ཡང་ཟླ་འདིའི་ཚེས་༡༤ཉིན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ཝེ་རོ་ནི་ཀཱ་མིཊ་ཀོ་བ་(Veronica Mitkova)་ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གི་ཨེ་ཤེ་ཡ་དང་། ཞི་བདེ་རྒྱ་མཚོ་ཁུལ་གྱི་ཚན་པའི་འགན་འཛིན་གཞོན་པ་སྐུ་ཞབས་པེཊི་རིག་རུམ་ལར་(Patrick Rumlar)་ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་ལྕམ་སྐུ་ཝེ་རོ་ནི་ཀཱ་མིཊ་ཀོ་བ་ལགས་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ངོས་ནས་༧གོང་ས་མཆོག་གི་གོ་སྟོན་དེ་བཞིན་ཅེག་རྒྱལ་ཁབ་ཏུ་དམིགས་བསལ་སྲུང་བརྩི་བྱ་འཆར་དང་འབྲེལ། རྒྱལ་སྤྱིའི་ཚོགས་ཆེན་མང་པོ་ཞིག་གི་ཐོག་བོད་དོན་སྐོར་གླེང་སློང་གནང་ཡོད་པ་དང་། སྐུ་ཞབས་པེཊི་རིག་རུམ་ལར་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་སྟོན་གནང་བ་དང་སྦྲགས། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ནང་གི་ཉག་ཕྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སོགས་ངོ་སྤྲོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་འདུག་ལ། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པ་ཝེལ་ཧྥི་སི་ཆར་(Pavel Fischer)་ལགས་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་པ་ཝེལ་ཧྥི་སི་ཆར་ལགས་ཀྱིས། ཅེག་རྒྱལ་ཁབ་ནི་བོད་མི་རྣམས་དང་ཧ་ཅང་སེམས་ཐག་ཉེ་པོ་ཡོད་ཀྱང་། ཚོར་བ་ཙམ་ཞིག་མ་ཡིན་པར་དོན་དངོས་སུ་འཆར་གཞི་དང་སྲིད་བྱུས་ལྡན་པའི་སྒོ་ནས་ལག་བསྟར་ཐུབ་རྒྱུ་གལ་ཆེ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་ཅིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་(Jiri Oberfalzer)་ལགས་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཧ་ཡ་ཊོ་ཨོ་ཀ་མུ་ར་(Hayato Okamura)་ལགས་རྣམ་གཉིས་ཐུག་འཕྲད་ཀྱིས་བོད་དོན་གཙོས་གནད་དོན་འདྲ་མིན་ཐད་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཇི་རི་ལགས་ནས་བོད་དོན་ཐད་སེམས་ཁུར་ཆེན་པོ་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་ཅིང་། སྐུ་ཞབས་ཧ་ཡ་ཊོ་ཨོ་ཀ་མུ་ར་ལགས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་གསལ་སྟོན་གནང་ཡོད་པ་དང་། ཁོང་གིས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་ཕོན་ཆེ་ནས་བོད་ནང་གི་འགྲོ་བ་མིའི་ཐོག་ཐང་གི་གནས་སྟངས་ཐད་སེམས་ཁུར་གནང་གི་ཡོད་པས་ཅེག་རྒྱལ་ཁབ་ནས་བོད་དོན་ཐད་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་༢༠༠༠ཞི་བདེའི་གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པེལ་(Jakub Klepal)་ལགས་དང་མཇལ་འཕྲད་གནང་སྐབས། ༡༠།༡༥།༢༠༢༤ པར། CTA


ད་དུང་ཚེས་༡༥ཉིན་སྲིད་སྐྱོང་མཆོག་གིས་༢༠༠༠ཞི་བདེའི་གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པེལ་(Jakub Klepal)་ལགས་དང་མཇལ་འཕྲད་གནང་དང་། གཞན་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་(Sinopsis)་ཞེས་པའི་བསམ་མཛོད་བསྟི་གནས་ཁང་གི་སྐུ་ཚབ་དང་ལྷན་ཚོགས་འདུ་ཚོགས་ཡོད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org