བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་གསར་པ་དང་ཕྱི་སྲིད་དྲུང་ཆེ་གཉིས་ལ་འཚམས་འདྲི་ཞུས་འདུག



༢༠༢༥ ཕྱི་ཟླ་ ༡ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་ (Marco Rubio) ལགས་རྣམ་གཉིས་ལ་སྲིད་གཞུང་གསར་པའི་ནང་ལས་འཁུར་དམ་འབུལ་བཞེས་པར་འཚམས་འདྲི་ཞུས་པ་དང་སྦྲགས། སྲིད་སྐྱོང་མཆོག་གིས། ཨ་རིའི་གཞུང་ནི་ད་བར་འཛམ་གླིང་སྡིངས་ཆའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན་མང་གཙོའི་ལམ་ལུགས་སྲུང་སྐྱོབ་སོགས་ཀྱི་ཐད་གླེང་སློང་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེར། ཁོང་ནས་བསྔགས་བརྗོད་གནང་ཡོད་ཅིང་། ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལ་ཊམ་མཆོག་གི་ལས་ཡུན་རིང་། སྐུ་ཉིད་ནས་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་མུ་མཐུད་རྒྱབ་སྐྱོར་དང་ལམ་སྟོན་གནང་རྒྱུ་ཙམ་མ་ཟད། བོད་དང་ཨ་རིའི་དབར་གྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་ཡུན་རིང་གནས་ཐུབ་རྒྱུའི་ཐད་ཐུགས་འཁུར་བཞེས་རྒྱུའི་རེ་བ་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད། དེ་སྔ་ ༢༠༢༠ ལོར་སྲིད་འཛིན་ཌོ་ནལ་ཊམ་མཆོག་ནས་ཨ་རིའི་སྲིད་འཛིན་ཐོག་མར་གནང་སྐབས། བོད་དོན་རྒྱབ་སྐྱོར་བཅའ་ཁྲིམས་ལ་མཚན་རྟགས་བཀོད་གནང་བ་དེས། ཨ་རིའི་གཞུང་གི་བོད་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་ནུས་པ་ཆེ་རུ་བཏང་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་གནང་འདུག
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་མཆོག་ལའང་ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་པ་དང་སྦྲགས། སྐུ་ཞབས་མར་ཀོ་རུ་བྷི་ཡོ་མཆོག་ནས་གྲོས་ཚོགས་འཐུས་མི་གནས་སྐབས་ཀྱི་ལས་ཡུན་རིང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་དང་ཐུགས་འཁུར་ལྷག་པར་བཞེས་པར་ཐུགས་རྗེ་ཆེ་ཞུས་དང་། ཁོང་ནས་བོད་དོན་ཙམ་མ་ཟད། རང་དབང་དང་མང་གཙོ།་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཞུ་གཏུག་སོགས་ཀྱི་ཐད་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། སྐུ་ཞབས་མར་ཀོ་རུ་བྷི་ཡོ་མཆོག་གི་འགོ་ཁྲིད་ཀྱི་ལམ་ལུགས་དེར་ཡིད་ཆེས་དམ་ཟབ་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ཨ་རིའི་སྲིད་འཛིན་ཊམཔ་མཆོག་དང་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་རྣམ་གཉིས་དང་ལྷན་དུ་ཨ་རི་དང་བོད་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་མཐུན་སྒྲིལ་གྱིས་ཕྱག་ལས་གནང་འདུན་ཆེན་པོ་ཡོད་པ་གསུངས་འདུག
གཞི་རྩའི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་གྲོས་ཚོགས་ནང་ཨ་རིའི་སྲིད་འཛིན་ ༤༧ པའི་མཚན་གནས་འགན་འཁུར་གྱི་དམ་བཅའ་ཕུལ་གནང་ཡོད་པ་དེར་འཛམ་གླིང་གང་སར་གནད་སྡོན་ཀྱི་འགོ་འཁྲིད་རྣམས་ནས་ཁོང་ལ་འཚམས་འདྲི་ཞུས་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་འགོ་འཁྲིད་ཁག་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་འཁྲིད་རྣམས་ནས་ཀྱང་ཁོང་ལ་འཚམས་འདྲི་ཞུས་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མར་ཀོ་རུ་སྦི་ཡོ་མཆོག་ནི་བོད་དང་ཤིན་ཅང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་། གྲོས་ཚོགས་ནང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ཞེས་པ་བཏོན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་གྲས་ཤིག་ཀྱང་ཡིན་པ་དང་། ཟླ་ ༡ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་ཁོང་གིས་ལས་འཁུར་དམ་བཅའ་བཞག་པའི་ཉིན་དང་པོར་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ (QUAD) ཞེས་མཐུན་ཕྱོགས་རྒྱལ་ཁབ་སྟེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡེ་ཤང་ཀར་ (S Jaishankar) ལགས་དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས། ཨོསི་ཊརེ་ལི་ཡ་(Australia)་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) ལགས་བཅས་དང་ལྷན་དུ་ཡུལ་གྲུ་བཞིའི་བདེ་འཇགས་ཐད་གྲོས་མོལ་ཚོགས་འདུ་གནང་ཡོད་པ་དང་། ཡུལ་གྲུ་བཞི་བོ་མཉམ་འབྲེལ་ཐོག་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མངའ་ཁུལ་གྱི་དཔལ་འབྱོར་གོ་སྐབས་དང་བདེ་འཇགས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནན་གསུངས་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ང་ཚོ་སྟེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨོསི་ཊརེ་ལི་ཡ། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཝ་ཤིན་ཀྲོན་དུ་འཛོམས་ནས། ང་ཚོས་རང་དབང་སྒོ་འབྱེད་ཀྱི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཡར་རྒྱས་ཐད་ཤུགས་སྣོན་རྒྱག་རྒྱུ་ཐུན་མོང་གིས་ཁས་ལེན་བསྐྱར་ནན་གནང་བ་དང་མཉམ། དེ་ནི་ཁྲིམས་སྐྱོང་དང་དམངས་གཙོའི་ལྟ་གྲུབ། བདག་དབང་ཆ་ཚང་སྲུང་སྐྱོབ་དང་ཁག་ཐེག་བྱས་བ་ཡིན་ཞེས་བཀོད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།