མི་མང་གི་དཀའ་སྡུག་ཁག་ལ་ཞིབ་འཇུག་གནང་སྟེ་དགོས་མཁོ་དང་མཚམས་པའི་ལག་བསྟར་ངེས་པར་དུ་བྱ་རྒྱུ་ཡིན། སྲིད་སྐྱོང་མཆོག་གིས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྡི་ལི་དང་ལྡེ་ར་ལྡུན་ཁུལ་གྱི་མཛད་རིམ་ཁག་ཡོངས་སུ་གྲུབ་སྟེ། ཕྱི་ཟླ་བ་༡༢པའི་ཚེས་༤ཉིན་སིར་མོ་རྫོང་ཁོངས་པོན་ཊ་དང་པུ་རུ་ཝ་ལ་གཙོས་གཞིས་སྒར་ཁག་དང་སློབ་གྲྭ་དེ་བཞིན་དགོན་སྡེ་ཁག་གི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་རེད།
ཐེངས་འདིར་སྲིད་སྐྱོང་མཆོག་ས་གནས་ཁག་ཏུ་གཟིགས་ཞིབ་གནང་སྐབས་མི་མང་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གཙོ་བོ་གཉིས་ནི། བོད་རྒྱ་འབྲེལ་མོལ་དང་། བོད་མིའི་བདེ་སྡུག་གི་གནས་སྟངས་ལ་གཟིགས་རྟོགས་གནང་རྒྱུ་དེ་ཡིན་པར་བརྟེན། བོད་ཕྱི་ནང་གཉིས་ཀའི་གནས་བབས་དང་། དེའི་ནང་ནས་གཞིས་ལུས་བོད་མིའི་གནས་སྟངས་རྒྱུས་ལོན་ཆེད་དམིགས་བསལ་ཤུགས་སྣོན་སྐྱོན་རྒྱུ་ཡིན་པའི་སྐོར་དང་། རིང་མིན་ཟླ་བ་གཉིས་གསུམ་ནང་ཚུད་བཀའ་ཤག་གིས་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་གལ་ཆེར་བརྩིས་གནང་སྟེ་ལས་གཞི་ཁག་བསྐྱར་སྒྲིག་དང་། ལེགས་བཅོས་སོགས་གྲ་སྒྲིག་གནང་མུས་ཡིན་པའི་སྐོར་སྲིད་སྐྱོང་མཆོག་གིས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་རྒྱ་བོད་ཕྱོགས་གཉིས་ཀར་ཁེ་ཕན་མེད་ལུགས་འཁོད་པའི་སྙན་ཞུ་ཞིག་ཕུལ་འཆར་ཡོད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འགྲེལ་བརྗོད་གནང་འདུག
ཞིབ་ཕྲ་ས་གནས་ནས་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་ལ་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག