སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་བློན་ཆེན་རིམ་པ་ཁག་ཅིག་དང་མཇལ་མོལ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྐབས་༤༣པའི་ཁེ་ན་ཌའི་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་གྲོས་ཚོགས་སུ་གཞུང་འབྲེལ་སྣེ་ལེན་ཞུས་འདུག

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་བློན་ཆེན་རིམ་པ་ཁག་ཅིག་དང་མཇལ་མོལ་གནང་སྐབས། ༠༤།༠༩།༢༠༢༤ Facebook /Canada Tibet Committee

དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྐབས་༤༣པའི་ཁེ་ན་ཌའི་ཨོན་ཊེརིཡོ་(Ontario)་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་(Queens Park)་གྲོས་ཚོགས་སུ་གཞུང་འབྲེལ་སྣེ་ལེན་ཞུས་བ་དང་མཉམ། གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་སྐོར་གྲོས་མོལ་གནང་འདུག
དེའི་ཐད་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་གོ་སྐབས་བཟུང་ནས། སྲིད་སྐྱོང་མཆོག་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ནང་སྐུ་མགྲོན་དུ་གཞུང་འབྲེལ་སྣེ་ལེན་ཞུ་ཐུབ་པར་དགའ་བོ་བྱུང་། སྐབས་དེར་ང་ཚོའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་བློན་ཆེན་ཁག་ཅིག་མཉམ་དུ་མཇལ་མོལ་གྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ལོ་རྒྱུས་ཀྱི་གནས་བབ་སོགས་ཀྱི་ཐད་བཀའ་མོལ་གནང་རྒྱུ་བྱུང་། འདིས་མ་འོངས་པར་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཐད་ཁྱད་པར་ཆེན་པོ་བཟོ་ངེས་རེད། ང་རང་གི་ངོས་ནས་བོད་དང་བོད་དོན་ཐད་ཕྱོགས་གང་ཐད་ནས་དོ་སྣང་དང་རྒྱབ་སྐྱོར་ཡོང་ཐབས་ལ་འབད་བརྩོན་གནང་བཞིན་པ་གསུངས་བྱུང་།


ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་གྲོས་ཚོགས་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ངོ་སྤྲོད་གནང་བ་དང་མཉམ། འཐུས་མི་རྣམས་ནས་སྐུ་བཞེངས་ཐོག་དགའ་བསུ་ཞུས་གནང་ཡོད་པ་དང་། སྐབས་དེར་བྱང་ཨ་རིའི་དོན་གཅོད་ཡང་ལྷན་བཅར་གནང་ཡོད་པ་དང་། དེ་ནས་སྲིད་སྐྱོང་མཆོག་ཨོན་ཊེརིཡོ་མངའ་སྡེའི་བློན་ཆེན་(Paul Calandra)་ལགས་དང་། བློན་ཆེན་(Michael Tiballo)་ལགས། བློན་ཆེན་(Stephen Lecce)་ལགས། བློན་ཆེན་(Michael Ford)་ལགས། གྲོས་ཚོགས་འཐུས་མི་ལྕམ་(Patrice Barnes)་ལགས། དེ་བཞིན་འཐུས་མི་ལྕམ་(Kristyn Wong-Tam)་ལགས་བཅས་དང་མཇལ་འཕྲད་གནང་སྐབས། སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་ཡིན་པའི་གནས་བབ་དང་། ད་ལྟའི་འཛིན་སྐྱོང་བཀའ་ཤག་གིས་དབུས་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་ངོ་སྤྲོད་གནང་བ་དང་། དེ་ནི་གདོང་ལེན་ཆེན་པོ་བྱེད་དགོས་བའི་གནས་སྟངས་ཞིག་ཡིན་པས་མངའ་སྡེའི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

སྐབས་དེར་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་འདྲ་མིན་གྱི་བློན་ཆེན་སྐུ་ཞབས་(Michael Ford)་ལགས་ཀྱིས་ཨོན་ཊེརིཡོ་ནང་དུ་མི་རིགས་དང་རིག་གཞུང་འདྲ་མིན་མཉམ་དུ་གནས་ཡོད་པ་བཞིན་མངའ་སྡེ་གཞུང་གིས་བོད་མི་ཚོར་ཡང་གཅིག་མཚུངས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་ཡོད་པ་འི་བཀའ་མོལ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་༡༡་ནས་ཁེ་ཎ་ཌའི་གྲོང་ཁྱེར་(Montreal)་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་༡༢ནས་༡༩བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington D.C.)་ཁུལ་དང་། ཨ་རིའི་མངའ་སྡེ་ཝར་མོན་ཌི་ (Vermont) བྷོ་སི་ཊོན་(Boston)་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་མཛད་རིམ་ཡོད་པ་རེད་འདུག


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org