ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཆེས་བསྟོད་ཀྱི་སྣེ་ལེན་མཛད་སྒོ་ཞིག་ཚོགས་གནང་ཡོད་པ།

2023.11.23
ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཆེས་བསྟོད་ཀྱི་སྣེ་ལེན་མཛད་སྒོ་ཞིག་ཚོགས་གནང་ཡོད་པ། ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཆེས་བསྟོད་ཀྱི་སྣེ་ལེན་མཛད་སྒོ་ཞིག་ཚོགས་གནང་ཡོད་པ།
Photo:Canada Tibet

 ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཞུས་པའི་སྣེ་ལེན་མཛད་སྒོ་དེར། ཁེ་ན་ཌའི་གཞུང་གི་བློན་ཆེན་བཞིའི་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ ༢༦ མཉམ་ཞུགས་གནང་ཡོད་པ་རེད་འདུག མཛད་སྒོའི་ཐོག་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་། ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་སྐུ་ཞབས་(Arif Virani)་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་དམངས་གཙོའི་རང་བཞིན་ལྡན་པ་ཞིག་ཡིན་པའི་སྐོར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ནན་བརྗོད། དེ་བཞིན་ཁེ་ན་ཌའི་གཞུང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག་དང་། རིག་གཞུང་གི་རང་དབང་བཅས་པར་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་གསུངས་པ་མ་ཟད། ཁེ་ན་ཌའི་གཞུང་གི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་སྲུང་སྐྱོབ་ཀྱི་ཐབས་བྱུས་ཐོག་བོད་དེ་བཅུག་གནང་དགོས་པའི་སྐོར་གླེང་གནང་ཡོད་པ་རེད་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་ Arif Virani གཙོས་བློན་ཆེན་རྣམ་པ་དང་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བོད་དོན་ཐོག་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་བབས་དང་། བོད་ལ་རང་སྐྱོང་གི་གནས་བབས་ཤིག་ཐོབ་རྒྱུར་ཁེ་ན་ཌ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་བརྩད་གཅོད་ཀྱི་ཐད་ཐེ་གཏོགས་བྱེད་པ་དེར་བཀག་འགོག་བྱེད་དགོས་པའི་སྐོར་སོགས་གླེང་གནང་ཡོད་པ་རེད་འདུག ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་མཆོག་ལ་སྣེ་ལེན་གྱི་མཛད་སྒོ་དེ་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ཡི་ལས་ཁུངས་དང་། ཁེ་ན་ཌའི་ནང་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་གིས་གྲ་སྒྲིག་གནང་བ་ཞིག་ཡིན་པའི་སྐོར་གནས་ཚུལ་ནང་བཀོད་འདུག

404047162_738723924948511_7947698857666595767_n.jpg
གཞན་ཡང་ང་ཚོའི་ས་གནས་གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། འདི་ཟླའི་ཚེས་ཉི་ཤུ་གཉིས་ཀྱི་ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ལྦར་དབུས་གྲོས་ཚོགས་འོག་མའི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Greg Fregus ལགས་ཀྱིས་གདན་ཞུས་གནང་སྟེ་འཐུས་མི་རྣམས་ལ་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་ཕྱོགས་དང་། དེ་བཞིན་སྤྱི་འཐུས་ཀྱི་ཚོགས་གཙོ་གནང་བའི་གནས་སྟངས་བཅས་ལ་ཆེ་མཐོང་སླད་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་James Maloney ལགས་ནས་ངོ་སྤྲོད་གཏམ་བཤད་གནང་བ་དང་དགའ་བསུ་ཞུས་གནང་བ་སོགས་བྱུང་བ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་མཆོག་གིས་ངོ་སྤྲོད་གནང་འདུག དེ་མིན་ཁེ་ཎ་ཌའི་སློབ་སྟོན་བལྟི་གནས་ཁང་གི་གནད་ཡོད་མི་སྣ་དང་ལྷན་དུ་གོ་བསྡུར་གནང་བ་དང་། ཡང་ཕྱི་སྲིད་ལས་ཁུངས་ཀྱི་འཐུས་མི་དྲུག་དང་ལྷན་དུ་ཕྱག་ཚོད་གཅིག་དང་ཕྱེད་ཀ་ལྷག་རིང་མཇལ་འཕྲད་གནང་ནས་ཨ་རིའི་གཞུང་ལྟར་ལང་ཕྱོགས་འཛིན་གནང་དགོས་པའི་བཀའ་མོལ་བྱུང་ཡོད་འདུག
ཡང་སྲིད་སྐྱོང་མཆོག་ནས་ཁེ་ཎ་ཌ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་Greg Fregus ལགས་དང་མཇལ་འཕྲད་གནང་སྟེ། ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་འོས་འདེམས་བྱུང་བར་སྲིད་སྐྱོང་མཆོག་ནས་འཚམས་འདྲི་གནང་བའི་སྐོར་དང་། དེ་བཞིན་ཚོགས་གཙོ་ཁོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པའི་གནས་སྟངས་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་བཀའ་མོལ་བྱུང་འདུག ཡང་ཉིན་དེའི་ཕྱི་དྲོ་ཨོ་ཏྲ་ལྦ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཆེ་མཐོང་སླད་དགོངས་ཚིག་གསོལ་སྟོན་ཞིག་ཕུལ་བ་དང་ལྷན་དུ་ས་གནས་བོད་མི་མང་རྣམས་ལ་གསུང་བཤད་དང་དྲི་བ་དྲི་ལན་གནང་བ་སོགས་བྱུང་འདུག
འདི་ཟླའི་ཚེས་༢༤ཉིན་སྲིད་སྐྱོང་མཆོག་ཨ་མི་རི་ཀའི་(Minnesota)་ཁུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་། ཨོ་རྒྱན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎