དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ཎ་ཌར་འཚོགས་པའི་(Halifax International Security Forum)་ལྷན་ཚོགས་སུ་མཉམ་ཞུགས་གནང་རྗེས། ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་(Ottawa)་རུ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢༡ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་འགྲུབ་ལགས་གཉིས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་སྐུ་ཞབས་(Arif Virani)་ལགས་དང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་(Garnett Genuis)་ལགས། (Bloc Québécois)་ཆབ་སྲིད་ཚོགས་པའི་དབུ་ཁྲིད་(Yves Francois Blanchet)་ལགས་གཙོས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Alexis Brunelle Duceppe)་ལགས། ལྕམ་(Julie Vignola Beauport-Limoilou)་བཅས་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ཁེ་ཎ་ཌ་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་འཆར་གཞི་དང་ལྡན་པའི་གོ་བསྡུར་ལྷུག་པོ་བྱུང་བ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་མུ་མཐུད་དུ་གསུངས་ན། སྲིད་སྐྱོང་མཆོག་གིས་(Bloc Québécois)་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་མོལ་གནང་བ་ཐོག་མ་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་མཇལ་མོལ་སྐབས་བོད་དོན་ཐོག་ཆབ་སྲིད་དང་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གིས་འཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། འཛམ་གླིང་གི་ཆབ་སྲིད་འགྱུར་བ་བཅས་ལ་གོ་བསྡུར་གནང་ནས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་རྒྱུར་འབོད་སྐུལ་གནང་བ་ལྟར་གྲོས་ཚོགས་འཐུས་མི་རྣམ་པས་ཞལ་བཞེས་གནང་བ་སོགས་གསུངས་བྱུང་།

ད་དུང་སྐབས་དེར་སྲིད་སྐྱོང་མཆོག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གཞིར་བཟུང་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་པ་གསལ་སྟོན་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་མཁྱེན་པའི་ཐོག་ནས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་འཆར་བཞག་གནང་བ་ལྟར་ཁེ་ཎ་ཌའི་གཞུང་གིས་དེ་མཚུངས་ཀྱི་ལངས་ཕྱོགས་ཞིག་འཛིན་ཐུབ་པའི་རེ་བ་དང་གོ་བསྡུར་གནང་ཡོད་འདུག
ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གསུངས་ན། སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཞན་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་གི་གནད་ཡོད་མི་སྣ་བཅས་དང་མཇལ་མོལ་གྱི་མཛད་རིམ་ཡོད་པ་དང་། དེའི་རྗེས་ཚེས་༢༤ཉིན་ཨ་མི་རི་ཀའི་(Minnesota)་ཁུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།