སྲིད་སྐྱོང་མཆོག་གིས་བྱང་ཨ་རིའི་ནང་གི་གཞུང་དོན་འཚམས་གཟིགས་དབུ་འཛུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བྱང་ཨ་རིའི་ནང་གི་གཞུང་དོན་འཚམས་གཟིགས་དབུ་འཛུགས་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་མངའ་སྡེ་ཁེ་ལི་ཧྥོར་ནི་(California)་ཁུལ་དུ་གནས་སྡོད་བོད་མི་མང་ཚོགས་ཐུག་འཕྲད་སྐབས། ༡༠།༡༢།༢༠༢༣ CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་བའི་སྤྱི་ཟླ་བཅུ་བའི་ཚེས་འགོ་ནས། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་དང་གཞན་མེག་སི་ཀོ་(Mexico)་བཅས་ཀྱི་ནང་གཞུང་དོན་འཚམས་གཟིགས་ལེགས་པར་འགྲུབ་ནས་ད་ལྟ་བྱང་ཨ་མི་རི་ཀའི་ནང་ཕེབས་འབྱོར་གྱིས་གཞུང་དོན་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་དང་། ཚེས་༡༢ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་མངའ་སྡེ་ཁེ་ལི་ཧྥོར་ནི་(California)་ཡའི་རྒྱལ་ས་(Los Angeles)་གནམ་ཐང་དུ་འབྱོར་སྐབས། ལྷོ་ཁེ་ལི་ཧྥོར་ནི་ཡ་བོད་རིགས་ཚོགས་པའི་རྒྱུན་ལས་གཙོས་ས་གནས་བོད་མི་ཚོས་དགའ་བསུའི་སྣེ་ལེན་ཞུས་གནང་འདུག
ཕྱི་དྲོ་སྲིད་སྐྱོང་མཆོག་གིས། ལྷོ་ཁེ་ལི་ཧྥོར་ནི་ཡ་ཁུལ་དུ་གནས་སྡོད་བོད་མི་མང་ཚོགས་ཐུག་འཕྲད་ཀྱིས། སྐབས་༡༦པའི་བཀའ་ཤག་གིས་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་འཚོལ་བཞིན་སྐོར། ལྷོ་ཨ་མི་རི་ཀའི་ཕྱོགས་བསྐྱོད་ལས་དོན་ཁག་ལེགས་པར་འགྲུབ་པའི་སྐོར། དེ་བཞིན་ད་རེས་ཨ་རིའི་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་དགུར་ཕེབས་བཅར་གནང་གི་ཡོད་སྐོར་སོགས་ངོ་སྤྲོད་དང་གཏམ་བཤད་གནང་འདུག་ལ། མི་མང་འདུ་འཛོམས་དེར་བཀའ་ཟུར་པད་མ་ཆོས་འབྱོར་ལགས་དང་། སྤྱི་ཟུར་བསྟན་འཛིན་ཆོས་ལྡན་ལགས་རྣམ་གཉིས་ཕེབས་ཡོད་པ་རེད།
བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་(Rayburn House office Building)་ཀྱི་ཚོགས་ཁང་ཞིག་གི་ནང་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)་རྣམ་གཉིས་དབུ་བཞུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦འཁོར་བའི་དུས་དྲན་མཛད་སྒོ་འཚོགས་རྒྱུ་ཡིན་འདུག
ཡང་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག།


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org