སྲིད་སྐྱོང་མཆོག་གིས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། སྲིད་སྐྱོང་མཆོག་དང་མཉམ་དུ་ཡོད་པ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་མེག་སི་ཀོའི་(Mexico)་རྒྱལ་ས་མེག་སི་ཀོ་སི་ཊིར་(Mexico City)་གཞུང་དོན་འཚམས་གཟིགས་གནང་བཞིན་པ་དང་། ཚེས་༡༠ཉིན་སྲིད་སྐྱོང་མཆོག་གིས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་ཚོགས་གཞོན་གཙོས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་རྒྱུ་དང་། དེ་ནས་མེག་སི་ཀོའི་བོད་ཀྱི་གྲོགས་པོ་ཚོགས་པ་(Casa Tibet México)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅུ་དགུ་དང་མཉམ་དུ་མ་འོངས་བོད་དོན་དང་འབྲེལ་བའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་ཚོགས་འདུ་ཚོགས་རྗེས་མེག་སི་ཀོའི་གྲོས་ཚོགས་ནང་གཟིགས་སྐོར་དང་། དེའི་རྗེས་མེག་སི་ཀོའི་མཐོ་སློབ་ཞིག་གི་ནང་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་པ་བཅས་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། ཚེས་༩་ཉིན་སྲིད་སྐྱོང་མཆོག་གིས་མེག་སི་ཀོའི་(UAM)་ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ། ལྷོ་ཨ་མི་རི་ཀ་དང་མེག་སི་ཀོ་རྒྱལ་སྤྱིའི་ཆབ་སྲིད་འབྲེལ་ལམ་ནང་གལ་ཆེའི་འགན་འཁུར་ལེན་ཐུབ་མཁན་ཡིན་པའི་ཆ་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས། བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གལ་ཆེའི་ནུས་པ་འདོན་གལ་ཆེ་བའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས་གནང་བ་དང་། དགོང་དྲོར་(Casa Tibet México)་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག གཞོན་སྐྱེས་དང་སློབ་ཕྲུག་མང་པོ་ཞིག་ལ་བོད་དོན་གནད་དོན་དང་། མ་འོངས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་ཆོས་དད་རང་དབང་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་བ་དང་དྲི་བར་ལན་འདེབས་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གི་གཞུང་དོན་འཚམས་གཟིགས་འགྲུབ་པ་དང་། རིམ་པས་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།