སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མེག་སི་ཀོའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། སྲིད་སྐྱོང་མཆོག་དང་མཉམ་དུ་ཡོད་པ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་མཆོག་གིས་སྤྱི་ཟླ་བཅུ་བའི་ཚེས་༥ ནས་༦བར་ཀོ་ལོམ་བྷི་ཡའི་(Colombia)་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་འགྲུབ་པ་དང་། ཚེས་༧ཉིན་མེག་སི་ཀོའི་(Mexico)་རྒྱལ་ས་མེག་སི་ཀོ་སི་ཊིར་(Mexico City)་ཕེབས་འབྱོར་གནང་། གནམ་ཐང་དུ་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Deputy Salvador Caro Cabrera)་ལགས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ས་གནས་དེར་རྟེན་གཞི་བྱས་པའི་བློ་གསལ་གླིང་ཆོས་ཚོགས་སུ་གནས་གཟིགས་གནང་བ་དང་། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དབུས་དགེ་བཤེས་བློ་བཟང་ཤེས་རབ་ལགས་དང་། དགེ་བཤེས་ཤེས་རབ་ཆོས་འཕེལ་ལགས། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སྙིང་རྗེ་ལྟེ་གནས་ཁང་གི་ངེས་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས། དགེ་བཤེས་རྡོ་རྗེ་ལགས་བཅས་དང་མཇལ་མོལ་གནང་འདུག
དེ་ནས་ཚེས་༨ཉིན་སྲིད་སྐྱོང་མཆོག་གིས། མེག་སི་ཀོའི་བོད་ཁང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གསུམ་ཡོད་པ་རྣམས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་དང་འབྲེལ་བའི་ལས་བསྡོམས་སྙན་སེང་ཞུས་བ་མ་ཟད། མ་འོངས་བོད་དོན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་འདུག དེའི་རྗེས་མེག་སི་ཀོའི་གྲོས་ཚོགས་འཐུས་མི་ལྕམ་(María Teresa Ochoa Mejía)་ལགས་ཀྱིས་མེག་སི་ཀོའི་དཔེ་མཛོད་ཁང་དུ། སྲིད་སྐྱོང་མཆོག་ལ་དགའ་བསུའི་མཛད་སྒོ་ཞིག་གོ་སྒྲིག་གནང་། མཛད་སྒོའི་བར་གསེང་སྐབས་ས་གནས་ཀྱི་(Newsweek)་གསར་ཁང་གི་བོད་དོན་བཅར་འདྲིར་ལན་འདེབས་གནང་བ་དང་། གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ཡོད་འདུག
ཚེས་༩ཉིན། གྲོས་ཚོགས་འཐུས་མི་ཁག་ཅིག་གཙོས་སྐུ་མགྲོན་༢༠ལྷག་དང་མཉམ་ཞོགས་ཇ་དང་མཉམ་དུ་མཇལ་མོལ་གནང་བ་དང་། དེའི་རྗེས་གྲོས་ཚོགས་འཐུས་མི་ཁག་ཅིག་གི་གོ་སྒྲིག་འོག་ས་གནས་ཀྱི་སློབ་གྲྭ་ཆེན་མོའི་ནང་བོད་དོན་གཏམ་བཤད་དང་། གཞན་དཔེ་བསྐྲུན་ཁང་ཞིག་གི་ནང་བོད་ཀྱི་རང་དབང་འཐབ་རྩོད་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད། བོད་ནང་གི་ཆོས་དད་རང་དབང་སོགས་བརྗོད་གཞི་འདྲ་མིན་ཐད་གཏམ་བཤད་གནང་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
རིམ་པས་སྲིད་སྐྱོང་མཆོག་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།