སྲིད་སྐྱོང་མཆོག་ཨོསི་ཊརེ་ལི་ཡའི་ནང་གི་བོད་ཀྱི་དུས་སྟོན་དུ་ཕེབས་ནས་བོད་དོན་གཏམ་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་(Australia)་ནང་གཞུང་དོན་འཚམས་གཟིགས་གནང་མུས་ཡིན་པ་ལྟར། ཚེས་༢༣ཉིན་སྲིད་སྐྱོང་མཆོག་ཨོསི་ཊརེ་ལི་ཡའི་བྷི་རིསུ་བྷེན་དུ་ཕེབས་འབྱོར་གྱིས་བོད་ཀྱི་དུས་སྟོན་ཐེངས་༡༥བའི་སྟེང་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་རེད། ཁུལ་དེར་གནས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཡིག་ཐོག་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ། སྲིད་སྐྱོང་མཆོག་གིས་བོད་ཀྱི་དུས་སྟོན་ཐོག རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་ཚོ་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་འཇུག་བཞིན་ཡོད་པའི་སྐོར་དང་། དེ་བཞིན་བོད་ནང་གི་བོད་མི་ཚོར་འགྲོ་སྐྱོད་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ། བོད་མཐོ་སྒང་གི་ཁོར་ཡུག་གི་གནད་འགག་དང་དེའི་ཤུགས་རྐྱེན། དེ་བཞིན་བོད་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་བོའི་འབྱུང་ཁུངས་དེ་ཆགས་ཡོད་པའི་སྐོར་སོགས་གཏམ་བཤད་གནང་བ་དང་མཉམ། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་ཕྱིའི་དངོས་པོ་ཡར་རྒྱས་གཏོང་གི་ཡོད་ཅིང་། དོན་དངོས་ཐོག་དེས་བོད་ལ་ཕན་ཐོགས་ཀྱི་མེད་པ་མ་ཟད། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་ཀྱི་རང་དབང་མེད་པའི་གནས་སྟངས་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨོསི་ཊརེ་ལི་ཡའི་ཁུལ་དུ་བོད་ཀྱི་དུས་སྟོན་ཐོག་མ་འགོ་འཛུགས་གནང་མཁན་ནི་བོད་ཀྱི་གླུ་པ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་ཡིན་པ་དང་། ཁོང་གིས་དྲ་ལམ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཕྱི་ལོ་༢༠༠༨ལོར་བོད་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས། ཁོང་གི་ངོས་ནས་ཡུལ་དེར་བོད་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཡོང་ཆེད་བོད་ཀྱི་དུས་སྟོན་ཞེས་པ་དེ་འགོ་འཛུགས་གནང་བ་ནས་ད་བར་མི་ལོ་༡༥འཁོར་གྱི་ཡོད་པ་དང་། ད་རེས་སྲིད་སྐྱོང་མཆོག་ལ་མགྲོན་འབོད་ཀྱིས་བོད་ཀྱི་དུས་སྟོན་གྱི་ཉིན་གཉིས་པའི་དགོང་ཚོགས་སྟེང་མཉམ་བཞུགས་གནང་ནས་ཕ་ཡུལ་དྲན་ཞེས་པའི་བརྗོད་གཞིའི་སྐོར་གཏམ་བཤད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་(Grammy)་ཞེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཀྱི་འོས་གཞིར་བདམས་མྱོང་ཡོད་པ་རེད།
སྲིད་སྐྱོང་མཆོག་ད་རེས་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་འཚམས་གཟིགས་སྐབས། ཕྱི་ཚེས་༢༠ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་གདན་ཞུ་གནང་ཡོད་ལ། ཕྱི་ཚེས་༢༡ཉིན་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གདན་ཞུས་ལྟར་བོད་དོན་སྐོར་གཏམ་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་༢༢ཉིན་ཨོསི་ཊརེ་ལི་ཡ་དང་རྒྱ་གར་ཉམས་ཞིབ་ཁང་དུ་བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་སྐོར་གཏམ་བཤད་གནང་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།