སྲིད་སྐྱོང་མཆོག་གིས་ནིའུ་ཛི་ལེན་ཌི་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་བོད་དོན་མཇལ་མོལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནིའུ་ཛི་ལེན་ཌིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་དྲུག་པའི་༡༦ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནིའུ་ཛི་ལེན་ཌིའི་རྒྱལ་ས་(Wellington)་རུ་ཕེབས་ནས། ནིའུ་ཛི་ལེན་ཌིའི་(New Zealand)་གྲོས་ཚོགས་སུ་ཡུལ་དེའི་ཆབ་སྲིད་ཚོགས་པ་ཆེ་ཤོས་བཞིའི་འཐུས་མི་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་ཐད་ནིའུ་ཛི་ལེན་ཌི་ས་གནས་སུ་སྲིད་སྐྱོང་ཕེབས་བསུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབང་འདུས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐབས་དེར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་བརླག་ཏུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་གལ་གནད་སྐོར་གསུངས་ཡོད་པ་མ་ཟད། རིང་མིན་ནིའུ་ཛི་ལེན་ཌིའི་སྲིད་བློན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གཏན་འཁེལ་ཡོད་སྟབས། ཁོང་གིས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཁག་དང་མཉམ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུའི་རེ་འདུན་ཞུ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་། སྐབས་དེར་ཡུལ་དེའི་(ACT)་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(James Mcdowall)་ལགས་དངོས་སུ་མཉམ་ཞུགས་དང་། ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Golriz Gharaman)་ལགས་དང་། ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Helen White)་ལགས་བཅས་དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད་འདུག
དེའི་རྗེས་སྲིད་སྐྱོང་མཆོག་གིས་ཡུལ་དེའི་(Stuff)་གསར་འགྱུར་ལས་ཁང་གི་གསར་འགོད་པ་(Thomas Manch)་ལགས་ཀྱི་བཅར་འདྲི་དང་ལེན་གནང་བ་དང་། དེ་ནས་སྲིད་སྐྱོང་མཆོག་ཡུལ་དེའི་གྲོས་ཚོགས་ནང་གཟིགས་སྐོར་དུ་གདན་ཞུ་ལྟར་ཕེབས་ཡོད་པ་རེད་འདུག
སྔ་དྲོ་སྲིད་སྐྱོང་མཆོག་གིས། ནིའུ་ཛི་ལེན་ཌིའི་རྒྱལ་ས་ཁུལ་དུ་རྟེན་གཞི་བྱས་པའི་ནིའུ་ཛི་ལེན་ཌིའི་གཞུང་གི་དཔེ་མཛོད་ཁང་དུ་བོད་ཀྱི་གྲོགས་པོ་དང་། སྙིང་རྗེ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི། ཆོས་སྡེ་ཁག་གི་འཐུས་མི་དང་སློབ་ཕྲུག་ཁག་གཅིག་བཅས་དང་ལྷན་དུ་མཇལ་མོལ་གནང་ཏེ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་གཙོ་བོ་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་བརླག་ཏུ་གཏོང་ཆེད་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སོགས་ཀྱི་སྐོར་གསུང་བཤང་གནང་བ་དང་འབྲེལ་ཁོང་རྣམས་ནས་ལོ་མང་རིང་བོད་དོན་ཐོག་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
སྲིད་སྐྱོང་མཆོག་གིས་ད་རེས་ནིའུ་ཛི་ལེན་ཌིའི་ནང་ཉིན་གཉིས་རིང་གི་གཞུང་འབྲེལ་མཛད་འཆར་ཁག་འགྲུབ་རྗེས་ཚེས་༡༧ཉིན་གྱི་སྔ་དྲོ་ཨོསི་ཊརེ་ལི་ཡར་(Australia)་ཕེབས་ཐོན་གནང་ཡོད་པ་རེད།
འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ནིའུ་ཛི་ལེན་ཌི་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་ཡིན་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།