སྲིད་སྐྱོང་མཆོག་གི་ཨིསི་ཊོནི་ཡཱའི་འཚམས་གཟིགས་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིསི་ཊོ་ནི་ཡཱའི་གྲོས་ཚོགས་སུ་འཚམས་གཟིགས་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་བར་ཡུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོད་བྱས་འདུག
- 2024-01-26
-
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་བྱང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་དང་། དབྱིན་ཡུལ་བཅས་ནང་ཕྱོགས་ཕེབས་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཚེས་༢༥ཉིན་(Baltic)་མངའ་ཁུལ་གྱི་ཨིསི་ཊོ་ནི་ཡཱའི་(Estonia)་ནང་འཚམས་གཟིགས་གནང་བ་ནི། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་ཡུལ་དེའི་ནང་ཕྱོགས་ཕེབས་དང་པོ་ཆགས་ཀྱི་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ཐེངས་དང་པོར་ཨིསི་ཊོ་ནི་ཡཱའི་གྲོས་ཚོགས་སུ་བོད་ཀྱི་ཁྲིམས་མཐུན་གནས་བབ་ཐོག་ལ་ཉན་ཞིབ་ཚོགས་འདུའི་ཐོག་མཉམ་ཞུགས་གཏམ་བཤད་གནང་ཡོད་པ་མ་ཟད། ཨིསི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Lauri Hussar)་མཆོག་གཙོས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་མཇལ་འཕྲད་གནང་ཡོད་པ་ལྟར། ཡུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་དེར་སྐྱོན་བརྗོད་བྱས་འདུག
དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་ཨིསི་ཊོ་ནི་ཡཱའི་ནང་ཕྱོགས་ཕེབས་འཚམས་གཟིགས་གནང་བ་དང་པོ་དེ་ཡིན་པ་མཛད་རིམ་ཁག་གོ་སྒྲིག་ཡག་པོ་ཞུ་ཐུབ་སོང་ལ། བོད་དོན་ཁྱབ་བསྒྲགས་མང་པོ་བྱུང་སོང་། དེ་དང་འབྲེལ་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་དང་མ་འདོད་པའི་སྐྱོན་བརྗོད་གསར་བསྒྲགས་སྤེལ་བ་དེ་ནི་རྒྱ་ནག་གི་ནམ་རྒྱུན་གྱི་བྱེད་སྟངས་ཞིག་ཡིན་པས་ཧང་སང་མ་བྱུང་། དེ་ལས་ང་ཚོའི་ངོས་ནས་ད་རེས་གོ་བརྡ་སྤྲོད་དགོས་ས་དེ་ལ་འཕྲོད་ཐུབ་འདུག་བསམ་པ་བྱུང་། མ་ཟད་རྒྱ་ནག་གཞུང་གི་ངོས་ནས་བོད་དོན་དེ་སྣང་མེད་གཏོང་ཐབས་མེད་པར་བསམ་བློ་གཏོང་དགོས་བ་ཞིག་ཆགས་ཡོད་པ་གསལ་བོ་རེད་ཅེས་གསུངས་བྱུང་།
འདི་ཚེས་༢༦ཉིན་ཨིསི་ཊོ་ནི་ཡའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་ནས། བཙན་བྱོལ་བོད་གཞུང་ཟེར་བ་ནི་ཆབ་སྲིད་དང་ཁ་བྲལ་རུ་ཁག་ཅིག་ཡིན་པ་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་བའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་བ་དང་མཉམ། ཚོགས་པ་འདི་དང་མཉམ་དུ་རྒྱུ་མཚན་གང་ཞིག་གི་ཐོག་ནས་རྒྱལ་ཁབ་གང་ཞིག་གིས་འབྲེལ་བ་བྱས་པ་ཡིན་ན་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་ཡོད་པ་དང་། ཨིསི་ཊོ་ནི་ཡཱའི་སྡེ་ཁག་ཚོས་རྒྱ་ནག་གི་ཆབ་སྲིད་དང་ས་ཁོངས་ཀྱི་བདག་དབང་ལ་གུས་བརྩི་བྱས་ཏེ། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གི་ནང་ཁུལ་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མེད་པ་དང་། རྒྱ་ནག་དང་ཨིསི་ཊོ་ནི་ཡཱའི་འབྲེལ་ལམ་གྱི་འཕེལ་རིམ་ལ་འགོག་རྐྱེན་མི་ཡོང་བ་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུས་ཏེ། ད་རེས་སྲིད་སྐྱོང་མཆོག་དང་ཨིསི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཚོས་མཇལ་འཕྲད་གནང་བར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་སྐབས། ཨིསི་ཊོ་ནི་ཡཱས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་གི་གྲངས་མི་རིགས་དང་། ཆོས་ལུགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ་བྱེད་པའི་བསམ་འཆར་ལམ་སྟོན་གནང་ཡོད་པ་རེད། ཨིསི་ཊོ་ནི་ཡཱ་ནི་རྒྱལ་ཚོགས་ནང་བོད་དོན་གླེང་མཁན་རྒྱལ་ཁབ་གསར་ཤོས་གྲས་ཡིན་པ་རེད།
འདི་ཚེས་༢༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧྥིན་ལན་ཌིའི་(Finland)་གནང་གཞུང་དོན་འཚམས་གཟིགས་གནང་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།