སྲིད་སྐྱོང་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ནེ་དར་ལན་དྲིའི་ནང་ཕེབས་འདུག
2018.11.26
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནེ་དར་ལན་དྲིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རི་དང་། ཁེ་ཎ་དྲའི་ནང་གི་མཛད་འཕྲིན་ཁག་འགྲུབ་ཏེ་ཚེས་ཉི་ཤུ་ལྔ་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་ནེ་དར་ལན་དྲིའི་ནང་ཕེབས་འབྱོར་གྱིས་ཐོག་མར་ཁུལ་དེར་ཡོད་པའི་བོད་མི་ཚོ་དང་མཇལ་འཕྲད་ཀྱིས་བཀའ་སློབ་གནང་བའི་ནང་དོན་གཙོ་བོར། རྒྱུན་དུ་བོད་མི་ནང་ཁུལ་གྱི་ཆབ་སྲིད་ཀྱི་རྙོག་ཁྲའི་རིགས་ཤ་སྟག་ལ་མགོ་བོ་འཁོར་ནས་མ་བསྡད་པར་བོད་དོན་དང་བོད་རྒྱའི་གནད་དོན་གྱི་འཕེལ་རིམ་སོགས་ཀྱི་སྐོར་ལ།་དོ་སྣང་ཆེ་ཙམ་བྱེད་དགོས་པ་དང་། དེ་བཞིན་གཞོན་སྐྱེས་ཚོས་སློབ་སྦྱོང་ཧུར་ཐག་བྱས་ནས་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་དང་། གྲོས་ཚོགས་ཀྱི་ནང་ལས་ཀ་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཡོད་པའི་སྐོར། དེ་དང་ཕྱོགས་མཚུངས་བོད་མི་ཚོས་བཙན་བྱོལ་གཞུང་གི་དཔྱ་དངུལ་དེབ་ལྗང་ཁུའི་གལ་གནད། རིང་མིན་བོད་མིའི་གནས་ཡུལ་ཁག་ལ་མི་འབོར་ཞིབ་བཤེར་གནང་བའི་སྐབས་མཉམ་ཞུགས་ངེས་པར་དུ་ལེན་དགོས་པ་སོགས་ཀྱི་སྐོར་གསུངས་འདུག
ཡང་སྲིད་སྐྱོང་མཆོག་ཉིན་གུང་རྒྱབ། ནེ་དར་ལན་དྲིའི་ནང་གནས་སྡོད་བོད་མིའི་སྤྱི་མཐུན་ཚོགས་པ་དང་དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་ཁང་གཉིས་ཟུང་སྦྲེལ་གྱི་གོ་སྒྲིག་ཞུས་པ་ལྟར་ཕེབས་ཏེ་གསུང་བཤད་གནང་བའི་ནང་། བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་བོད་ནང་བོད་མིའི་ངོ་བོ་ཆོས་དང་། རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་གནས་ཚུལ་ཁག་ཅིག་ལུང་འདྲེན་གནང་ཡོད་པ་དང་། ཕྱི་ཕྱོགས་སུའང་རྒྱ་ནག་གཞུང་ནས་སྲིད་སྐྱོང་མཆོག་ཕྱིའི་ཡུལ་གྲུ་ཁག་ལ་འཚམས་གཟིགས་ཕེབས་པའི་སྐབས་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་པའི་དཔེ་མཚོིན་འགའ་ཤས་གསུངས་ཏེ་གང་ལྟར་རྒྱ་ནག་གཞུང་ནས་བོད་མིའི་ངོ་བོ་མེད་པར་བཟོ་ཐབས་སུ་ལས་འགུལ་འདྲ་མིན་སྣ་ཚོགས་ཞིག་སྤེལ་མུས་ལ་མ་ལྟོས་པར་ཕྱིའི་རྒྱལ་ཁབ་མང་པོས་བོད་དོན་བདེན་མཐའ་སེལ་ཐབས་སུ་རྒྱབ་སྐྱོར་གནང་བཞིན་པ་དང་། ལྷག་པར་དུ་ནེ་དར་ལན་དྲིའི་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ནས་ད་བར་བོད་མི་ཚོའི་ཐོག་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག མཐའ་དོན་སྲིད་སྐྱོང་མཆོག་གིས་དེ་སྔ་(Northern Ireland and East Timor) ཤར་ཀྲི་མོར་གཙོས་རྒྱལ་ཁབ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པ་དང་ལྕམ་ཨང་སན་སུ་ཀི། དེ་བཞིན་ནེལ་སན་མན་དྷ་ལ་དམ་པ་བཅས་བཟང་བཙོན་ནས་གློད་བཀྲོལ་ཐོབ་པའི་ལོ་རྒྱུས་བྱུང་ཡོད་པ་ལྟར་བོད་ཀྱི་གནད་དོན་འདི་བཞིན་རེ་བ་མེད་པ་ཞིག་མ་ཡིན་པ་དང་། ཉིན་གཅིག་བོད་ལ་འགྱུར་བ་ཐེབས་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་གོང་ཞུས་སྐྱེས་ཆེན་དམ་པ་རྣམས་དང་འདྲ་མཚུངས་ཕ་ཡུལ་བོད་ལ་ཕྱིར་ཕེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་འདུག
དེ་བཞིན་མཛད་སྒོའིོ་སྐུ་མགྲོན་གཙོ་བོ་བོད་མི་ཚོར་ལོ་མང་རིང་རྒྱབ་སྐྱོར་གནང་མཁན་ནེ་དར་ལན་དྲིའི་ཆབ་སྲིད་མི་སྣ་ཟུར་པ་ལྕམ་(Erica Georgina Terpstra) མཆོག་ལ་ཐུགས་རྗེ་ཆེ་ཞུའི་བྱ་དགའ་འབུལ་བཞེས་གནང་བ་དང་ཁོང་གིས་ཀྱང་གཞུང་མང་གཉིས་ཀྱི་ཚབ་གནང་ཏེ་ཐུགས་རྗེ་ཆེ་གསུངས་ཡོད་པ་རེད། གོང་ཞུས་མཛད་སྒོའི་ཐོག་ཡོ་རོབ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱང་ཕེབས་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།