སྲིད་སྐྱོང་མཆོག་དབྱིན་ཡུལ་གྱི་གྲོས་ཚོཊ་ནང་ཕེབས་འདུག
2016.11.02
འདི་ཟླའི་ཕྱི་ཚེས་༡་ཪེས་གཟའ་མིག་དམར་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱེད་པའི་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་འདུག
དེ་རྗེས་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་གཟིགས་སྐོར་ཐོག་གདན་ཞུས་ཀྱིས་དེ་སྔ་སྐབས་ཅིག་ལ་ཚོགས་གཙོ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དྲན་གསོ་གནང་འདུག་ལ། ཆོགས་གཙོ་མཆོག་གིས་སྐབས་དེར་ཁོང་ནི་དུས་རྟག་ཏུ་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྐོར་སྲིད་སྐྱོང་མཆོག་ལ་གསུངས་ཡོད་པ་རེད།
འཚམས་གཟིགས་རྗེས་དབྱིན་ཡུལ་གྲོས་ཚོགས་ཀྱི་ལས་རིམ་དབུ་འཛུགས་གནང་སྐབས་སྲིད་སྐྱོང་མཆོག་གྲོས་ཚོགས་ཀྱི་ཟུར་ཉན་དུ་བཞུགས་ཡོད་པ་དང་། ཚོགས་གཙོས་གྲོས་ཚོགས་ཀྱི་ཚོགས་མི་ཡོང་ལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ངོ་སྤྲོད་དང་འབྲེལ་དགའ་བསུ་ཞུས་གནང་འདུག
ཕྱི་ཚེས་༡་ཉིན་གྱི་ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་Henry Jackson Society ཚོགས་པའི་སློབ་སྟོན་པའི་སྡེ་ཚོགས་ཀྱི་ཚོགས་མི་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། འབྱུང་འགྱུར་རྒྱ་བོད་འབྲེལ་ལམ་གྱི་ཁ་ཕྱོགས་སྐོར་གསུང་བཤད་གནང་བའི་རྗེས། དབྱིན་ཇིའི་བྷི་བྷི་སི་བརྙན་འཕྲིན་ཁང་གི་བཅར་འདྲིའི་ལས་རིམ་ཐོག་ལའང་ཕེབས་འདུག།
སྲིད་སྐྱོང་མཆོག་གིས་ཕྱི་ཟླ་༡༠་བའི་ཚེས་༣༡་ཉིན་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་པའི་ལྷན་འཛོམས་ཐོག་གསུང་བཤད་གནང་འདུག སྐབས་དེར་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Tim Loughton་མཆོག་གིས་ལྷན་ཚོགས་གཙོ་སྐྱོང་གནང་ཐོག་དབྱིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གསུམ་གྱི་ཁྱོན་གྲོས་ཚོགས་འཐུས་མི་༡༠ཕེབས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམས་པའི་གྲྭ་ཤག་གཏོར་བཤིག་དང་བཏང་དང་གཏོང་བཞིན་པའི་ཁར་དགེ་བཙུན་སྟོང་ཕྲག་བརྒལ་བ་དགོན་པ་ནས་ཕྱིར་འབུད་གཏོང་བཞིན་པའི་ཛ་དྲག་གི་གནས་ཚུལ་ཞུས་གནང་བ་དང་ཆབ་ཅིག་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མང་གཙོའི་ལྟ་གྲུབ་ལ་བརྩི་བཀུར་གཅེས་འཛིན་ཐོག་ནས་རང་གི་ལངས་ཕྱོགས་བརྟན་པོར་བཟུང་བའི་ཐོག་བོད་ལ་མགྱོགས་མྱུར་རང་དབང་སྐྱར་གསོ་ཡོང་ཐབས་ཆེད་མུ་མཐུད་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་གུ་རུ་ཆོས་སྐྱིད།