སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་བདུན་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་ཡོངས་སུ་འགྲུབ་འདུག

2022.09.27
སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་བདུན་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་ཡོངས་སུ་འགྲུབ་འདུག སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་སྐབས། ༠༩།༢༡།༢༠༢༢
CTA

སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་གནང་བ་དེས་ཉི་ཧོང་ནང་བོད་དོན་ཐོག་ཤུགས་རྐྱེན་ཐེབས་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་བྱུང་།
འདི་ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་དུ་བདུན་ཕྲག་གཅིག་གི་རིང་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་གནང་བ་དེ་འགྲུབ་ཡོད་པ་དང་། ད་ཐེངས་ཉི་ཧོང་ནང་གཙོ་བོ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་༡༣ཙམ་ལ་མཇལ་འཕྲད་གནང་ཡོད་པ་རེད། ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྲིད་སྐྱོང་མཆོག་ཉི་ཧོང་དུ་ད་རེས་ཐོག་མ་ཕེབས་པ་དེས་ཉི་ཧོང་ནང་བོད་དོན་ཐད་ཤུགས་རྐྱེན་ཞིག་ཐེབས་ཡོད་པ་དང་། ཉི་ཧོང་གཞུང་གི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་མེད་ནའང་ཉི་ཧོང་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ། དཔེར་ན། སྲིད་སྐྱོང་མཆོག་ཉི་ཧོང་གྲོས་ཚོགས་སུ་ཕེབས་བསུའི་སྣེ་ལེན་དང་དེ་བཞིན་ཁོང་རྣམ་པའི་བཀའ་མོལ་གནང་ཕྱོགས་ལ་བལྟས་པ་ཡིན་ན། སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་དེས་ཉི་ཧོང་ནང་བོད་དོན་ཐད་ཤུགས་རྐྱེན་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། ཉེ་ལམ་ཉི་ཧོང་གི་སྲིད་བློན་ཟུར་པ་(Shinzo Abe)་ལགས་གློ་བུར་རྐྱེན་འདས་སུ་ཕྱིན་པར། ༧གོང་ས་མཆོག་གིས་སྲིད་སྐྱོང་བརྒྱུད་དམ་པ་ཁོང་གི་ནང་མིར་སྒྲོལ་མའི་སྐུ་ཞིག་གནང་བ་དེ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་གནང་ནས། ཕྱིས་སུ་དམ་པ་ཁོང་གི་ནང་མིར་གནང་རྒྱུ་བྱས་ཡོད་སྐོར་དང་། ཕྱི་ཟླ་༡༠ཚེས་༡༥ཉིན་དམ་པ་ཁོང་གི་བཞུགས་གནས་ཡ་མ་ཀ་ཏར་སྐུ་ཕུང་ཞུགས་འབུལ་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་མགྲོན་འབོད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཉི་ཧོང་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཕུ་ཀུ་ཨོ་ཀ་བོད་རང་དབང་ཚོགས་པའི་ཚོགས་གཙོ་ཡོ་ཀོ་ཨི་ཤི་(Yoko Ishii)་ལགས་ཀྱིས། ད་རེས་སྲིད་སྐྱོང་མཆོག་ཉི་ཧོང་ནང་གནད་ཡོད་མི་སྣ་དང་མཇལ་འཕྲད་བྱུང་བ་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་རྗེས་དེ་ལྟ་བུའི་གོ་སྐབས་ཤིག་བྱུང་བ་དང་། ང་ཚོའི་གཞུང་འདི་ཨ་རི་དང་དབྱིན་ཡུལ་གཞུང་སོགས་དང་བསྡུར་ན་ཏོག་ཙམ་བོད་དོན་ཐོག་སྐྱོ་བ་ཡོད་པས། ཨ་རི་གཞུང་གིས་བོད་དོན་ཐོག་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་སྙན་ཐོ་ཐེངས་མང་འདོན་སྤེལ་གནང་བ་བཞིན་ང་ཚོས་གཞུང་གིས་དེ་འདྲ་གནང་ཐུབ་ཀྱི་མེད་པ་དང་དེ་བཞིན་ཨ་རི་དང་དབྱིན་ཡུལ་གཞུང་ལྟ་བུས་བོད་དོན་ཐོག་དཔལ་འབྱོར་བརྒྱུད་རོགས་རམ་མང་དག་ཅིག་གནང་གི་ཡོད་ཀྱང་། ང་ཚོའི་གཞུང་གི་དེ་འདྲ་གནང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྒྱ་ནག་ང་ཚོའི་ཁྱིམ་མཚེས་ཆགས་ཀྱི་ཡོད་ཙང་ཡིན་པ་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་ཕྱི་ཟླ་༢པའི་ནང་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གཞུང་གིས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་དམིགས་ནས་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ནས། རྒྱ་ནག་གཞུང་གིས་ཤིན་ཅིང་དང་བོད། ཧོང་ཀོང་ནང་མི་གང་བྱུང་འཛིན་བཟུང་བྱས་ནས། ས་གནས་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་ཚབས་བྱེད་བཞིན་པ་གསལ་བཏོན་བྱས་ནས། རྗེས་སུ་རྒྱ་ནག་ནང་ཚོགས་པའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ཉི་ཧོང་གི་གཞུང་འབྲེལ་སྐུ་ཚབ་བཏང་མེད་པ་རེད།
སྲིད་སྐྱོང་མཆོག་གིས་ད་དུང་ཉི་ཧོང་ཅི་སྦ་མངའ་སྡེའི་ཁུལ་དུ་མཐོ་སློབ་གཉིས་ཀྱི་དགེ་ལས་སློབ་ཕྲུག་༣༠༠ཙམ་ཞིག་ལ་བོད་དོན་ངོ་སྤྲོད་གཏམ་བཤད་དང་། དེ་བཞིན་ཉི་ཧོང་ནང་ཡོད་པའི་བོད་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎