བོད་དོན་དྭང་བླངས་ཞུ་གཏུག་གི་ནང་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་པ་ནི་སེམས་ཤུགས་འཕར་གཞི་ཞིག་ཡིན་པ། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་ ༢ པའི་སྐབས་གསུངས་པ།

2024.07.03
བོད་དོན་དྭང་བླངས་ཞུ་གཏུག་གི་ནང་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་པ་ནི་སེམས་ཤུགས་འཕར་གཞི་ཞིག་ཡིན་པ། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་ ༢ པའི་སྐབས་གསུངས་པ། སྲིད་སྐྱོང་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་ ༢ པའི་སྐབས་གསུང་བཤད་གནང་བཞིན་པ། ༢༠༢༤།༠༧།༠༣ ཉིན།
RFA/Tenzin Woser

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་གནང་སྟེ། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དེ་བཞིན། བཞུགས་སྒར་དུ་སྤྱི་ཟླ་ ༧ པའི་ཚེས་ ༣ ཉིན་དབུ་འབྱེད་ཀྱི་མཛད་སྒོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་དབུ་འབྱེད་གསུང་བཤད་གནང་སྐབས། བར་ལམ་ནས་ཨ་མི་རི་ཀའི་ནང་བོད་དོན་དྭང་བླངས་ཞུ་གཏུག་གི་ནང་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་པ་ནི་སེམས་ཤུགས་འཕར་གཞི་ཆགས་ཡོད་པ་དང་། ཁེ་ན་ཊའི་ནང་དུའང་ཟབ་སྦྱོང་གི་རྗེས་སུ་བོད་མི་གཞོན་སྐྱེས་ཚོས་ཞུ་གཏུག་གི་སྐབས་སྐད་ཆ་བཤད་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་གསུང་གི་འདུག་པས། ཚོགས་འདུ་ཁག་གིས་ཕན་ཐོགས་འབྱུང་གི་ཡོད་པ་དང་། གཞོན་སྐྱེས་ཚོས་སྤྱི་ཚོགས་ཀྱི་འགན་གང་འདྲ་ཞིག་འཁུར་དགོས་པ་དང་བསམ་བློ་གཏོང་སྟངས་གང་འདྲ་དགོས་པ་དེ་གལ་གནད་ཆེན་པོ་རེད་ཅེས་གསལ་སྟོན་གནང་གི་འདུག

སྤྱི་ཟླ་ ༧ པའི་ཚེས་ ༣ ནས་ ༥ བར་འཚོག་བཞིན་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་འདིར། བྱང་ཨ་མི་རི་ཀ་དང་ཡོ་རོབ།ཨེ་ཤེ་ཡ་སོགས་ཀྱི་རྒྱལ་ཁབ་ཁག་ ༡༣ ནས་བོད་རིགས་གཞོན་སྐྱེས་ ༡༠༥ ཆེད་བཅར་གནང་ཡོད་པ་ཚོར། སྔར་དང་མི་འདྲ་བའི་ཟབ་ཁྲིད་ཀྱི་ལས་རིམ་ཁག་ཅིག་ཡོད་པ་ནི། བོད་དོན་ཞུ་གཏུག་གནང་སྟངས་ཀྱི་བརྒྱུད་རིམ་ཐད། སྤྱི་ཚོགས་དྲ་ལམ་བེད་སྤྱོད་དང་མགོ་ཁྲིད་ལ་འབྲེལ་ལམ་གནང་སྟངས། དམིགས་བསལ་ཆབ་སྲིད་ཞུ་གཏུག་གི་རིམ་པ་སོགས་ཆེད་མཁས་པ་གདན་ཞུས་ཀྱིས་སྦྱོང་བརྡར་གནང་འཆར་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་འདིར་ཚོགས་ཞུགས་པ་ཆ་ཚང་གཞོན་སྐྱེས་དང་ལྷག་པར་ཚོགས་ཞུགས་པ་གཞོན་སྐྱེས་མང་ཤོས་ཤིག་བུད་མེད་ཡིན་པར་བརྟེན། ཨོའོསི་ཊརེ་ལི་ཡ་ནས་ཡོང་བ་བུ་མོ་བསྟན་འཛིན་འོད་འབར་ལགས་ཀྱིས། ཁོང་ཚོའི་རྒྱལ་ཁབ་ནང་བོད་དོན་སྐོར་ལས་ཀ་བྱེད་རྒྱུའི་གོ་སྐབས་གང་འཚམས་རེ་ཡོད་པ་དེར། ཕ་མའི་རྩ་ནས་བོད་དོན་རྒྱུས་ལོན་གྱིས་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཚོར་ཞུ་གཏུག་བྱེད་ཀྱི་ཡོད་ནའང་། ཚོགས་ཆེན་འདི་བརྒྱུད་ནས་བོད་དོན་ཞུ་གཏུག་ཆེད་གནས་ཚུལ་ཤེས་རྟོགས་དང་ཉམས་མྱོང་ཇེ་ཆེར་ཕྱིན་ཏེ་ཕར་ལོག་ནས་བོད་དོན་ཞུ་གཏུག་ཐད་ཕན་ཐོགས་པོར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཧྥ་རན་སི་ནས་ཚོགས་ཞུགས་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ཀྱང་ཡོ་རོབ་ནང་བོད་མི་མང་ཤོས་ཤིག་ཧྥ་རན་སི་ནས་ཡིན་པར་བརྟེན། གཞོན་སྐྱེས་མང་པོ་ཞིག་ཡོད་པར་མ་འོངས་པར་ལམ་སྟོན་བྱེད་སྟངས་སོགས་ཀྱི་སྐོར། འདི་གར་ཨ་མི་རི་ཀ་ནས་སོན་རྩ་དང་རོགས་པ་སོགས་ཚོགས་པ་མང་པོ་ཞིག་གི་སྐུ་ཚབ་ཚོ་བཅར་འདུག་པས། ཁོང་ཚོ་ལ་འབྲེལ་གཏུག་གིས་འབྱུང་འགྱུར་ཧྥ་རན་སིའི་ནང་དུའང་ལས་དོན་དེ་འདྲ་བྱེད་པར་ལམ་སྟོན་ཡོང་བའི་དམིགས་ཡུལ་བཟུང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

རྒྱ་གར་ནང་བོད་ཁྱིམ་དང་མཐོ་སློབ་ཏུ་ཁྲིམས་ཀྱི་བསླབ་པ་མཐར་སོན་པ་པ་སངས་ཡོ་ལི་ཡ་ལྷ་མོ་ལགས་ནས། མོ་རང་ད་ལྟ་འཇར་མན་དུ་བསྡད་ཡོད་པ་དང་མོ་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་སེལ་ཆེད། འགན་འཁུར་ཉམས་མྱོང་བསགས་རྒྱུ་གལ་ཆེན་ཡིན་པས་ན། ཚོགས་ཆེན་འདི་བརྒྱུད་ནས་ཕར་ཚུར་འབྲེལ་ལམ་བཟོས་ཏེ་ཁྲིམས་དང་སྲིད་དོན་གྱི་སློབ་སྦྱོང་ཆེད་ལས་ཡོད་པ་ཚོས། ཁྲིམས་ཐོག་ནས་བོད་དོན་ལ་ཕན་ཐོགས་དང་བཅའ་ཁྲིམས་ཡར་རྒྱས་གཏོང་འདུན་ཡོད་པ་བཅས་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དུ་ས་གནས་ཁག་མང་པོའི་གཞོན་སྐྱེས་བརྒྱ་ལྷག་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱིས་གཞོན་སྐྱེས་ཚོའི་ཕར་ཚུར་དབར་ཉམས་མྱོང་སྤེལ་རེས་དང་། ཞུ་གཏུག་གི་ཐབས་ལམ་གསར་པ་དང་འགན་འཁུར་གསར་པ་ཇི་ལྟར་བསྐུར་དགོས་པ་སོགས་ཀྱི་གོ་བསྡུར་ཀྱང་ཆེད་དུ་གོ་སྒྲིག་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎