སྲིད་སྐྱོང་མཆོག་ནས་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་དབུ་འབྱེད།
2014.07.25

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན། ཕྱི་ཚེས་ ༢༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་བསྒྲིགས་གནང་བ་ལྟར་བཞུགས་སྒར་དུ་བོད་མིའི་གཏན་ཉིན་སློབ་གྲ་ཁག་གི་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་གི་ལས་འཆར་ཞིག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོར་ཕེབས་པའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ གཙོས་འབྲེལ་ཡོད་ལས་བྱེད་རྣམས་དང་དགེ་ལས་སློབ་ཕྲུག་རྣམས་ལ་སྲིད་སྐྱོང་བློ་ བཟང་སེང་གེ་མཆོག་གིས། ང་རང་སློབ་གྲར་ཡོད་སྐབས་བཟོ་རིག་དང་འབྲེལ་བའི་མཐུན་རྐྱེན་ཡོད་པ་ཞིག་དྲན་གྱི་མིན་འདུག དེར་བརྟེན་ང་ཚོ་བཙན་བྱོལ་ནང་ལོ་ངོ་ལྔ་བཅུ་ཕྱིན་པའི་རྗེས་བོད་པའི་སློབ་གྲ་ཁག་ནང་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་དགོངས་དོན་བཟོ་རིག་འདི་ངེས་པར་དུ་སྦྱྲང་དགོས་ལུགས་འཁོད་ཡོད། ཤེས་ཡོན་མཁས་པ་ཚོས་བཟོ་རིག་དང་འབྲེལ་བའི་ལག་ཤེས་འདི་སློབ་ ཕྲུག་ཡིན་པའི་སྐབས་ཇི་ཙམ་སྦྱང་ན་དེ་ཙམ་གྱི་ཀླད་པ་ཡར་རྒྱས་འགྲོ་གི་ཡོད་པ་མ་ ཟད། བསམ་བློ་གསར་པ་ཞིག་འཁོར་རྒྱུར་ཧ་ཅང་ཕན་ཐོགས་ཡོད་། དེར་བརྟེན་བཟོ་རིག་སྦྱང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་བཟོ་རིག་གི་གལ་གནད་སྐོར་གསུང་ཡོད་འདུག ཕྱི་ཚེས་ ༢༥ དང་ཕྱི་ཚེས་ ༢༦ ཉིན་གཉིས་རིང་གནང་རྒྱུའི་བོད་མིའི་གཏན་ཉིན་སློབ་གྲ་ཁག་གི་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་དེར་རྡ་སྟེང་བོད་ཁྱིམ་དང་སུ་ཇ་བོད་ཁྱིམ། སྒོ་པལ་པུར་བོད་ཁྱིམ། གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭ། སམ་བྷོ་ཏ་བདེ་སྐྱིད་གླིང། སམ་བྷོ་ཏ་ཅོན་ཏ་ར། སྤོན་ཏ་གཏན་སློབ། བལ་ཡུལ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ བཙུན་དགོན་སྒྲོལ་མ་གླིང་བཅས་ནས་ཁྱོན་དགེ་ལས་སློབ་ཕྲུག་གྲངས་ ༢༩ ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་རེད།།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།