སྲིད་སྐྱོང་མཆོག་ལ་པརཱགྷ་གྲོང་ཁྱེར་གྱི་ལྡེ་མིག་གནང་ནས་ཆེས་བསྟོད་ཕུལ་འདུག

སྲིད་སྐྱོང་མཆོག་གིས་ཅེག་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད། ༢༠༡༩།༣།༧
སྲིད་སྐྱོང་མཆོག་གིས་ཅེག་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད། ༢༠༡༩།༣།༧ (tibet.net)

པརཱགྷ་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་ཕན་ཚུན་ཡིད་ཆེས་དང་གྲོགས་པོའི་འབྲེལ་ལམ་མཚོན་ཆེད་ཀྱི་གྲོང་ཁྱེར་ལྡེ་མིག་དེ་སྲིད་སྐྱོང་ལ་ཕུལ་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱགྷ་རུ་ཕེབས་སྐབས། ཕྱི་ཟླ་ ༣ ཚེས་ ༦ ཉིན་པརཱགྷ་གྲོང་ཁྱེར་སྤྱི་ཁྱབ་པ་ ཛེ་ནེཀ་ཧིརི་སྦ་ ༼Zdeněk Hřib༽ གྱིས་ཕན་ཚུན་ཡིད་ཆེས་དང་གྲོགས་པོའི་འབྲེལ་ལམ་མཚོན་ཆེད་པརཱགྷ་གྲོང་ཁྱེར་གྱི་ལྡེ་མིག་ཕུལ་ནས་ཆེས་བསྟོད་ཞུས་འདུག་ལ གྲོང་ཁྱེར་སྤྱི་ཁྱབ་པས་ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་བྱེད་པའི་ཉིན་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་པའི་ཡ་ང་བའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གྲོང་ཁྱེར་ལས་ཁུངས་མདུན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། འདི་ལོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་གྲོང་ཁྱེར་བདུན་བརྒྱ་ཙམ་དང་སློབ་གྲྭ་སོགས་ནང་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་རྒྱུ་ཡིན་འདུག སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་བོད་ཀྱི་རྒྱལ་དར་ནི་བོད་ནང་གི་བོད་མི་ཚོས་སྙིང་སྟོབས་ཀྱི་མཚོན་དོན་ཙམ་མ་ཟད། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་མཚོན་དོན་གལ་ཆེ་ཡིན་པ་གསུངས་པ་དང་སྦྲགས། གྲོང་ཁྱེར་སྤྱི་ཁྱབ་པ་དང་འབྲེལ་ཡོད་གཞན་ཚོས་དམིགས་བསལ་དོ་འཁུར་ཆེ་བཞེས་ཀྱི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུས་གནང་འདུག
གཞན་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་སྐབས་བོད་ནི་ཨེ་ཤེ་ཡའི་བདེ་འཇགས་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་གསུངས་འདུག
བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་ཙམ་ཀྱི་གནད་དོན་མིན་པར་ཨེ་ཤེ་ཡ་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པ་གསུངས་པར་མ་ཟད། བོད་ནི་ཨེ་ཤེ་ཡའི་ཡུལ་གྲུ་མང་དག་ཞིག་གི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡིན་པ་དང་བོད་ནས་འགོ་ཚུགས་པའི་གཙང་ཆུ་རྒྱུགས་ཡུལ་ཤར་དང་ལྷོ་ཤར་ཨེ་ཤེ་ཡའི་ནང་གི་ཡུལ་མི་ས་ཡ་མང་པོའི་འཚོ་བའི་རྟེན་གཞི་ཡང་གཙང་ཆུ་དེ་དག་ཡིན་སྟབས། བོད་ཀྱི་གནད་དོན་ནི་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཨེ་ཤེ་ཡའི་ཆུའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྐབས་གསུངས་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རང་བྱུང་ས་ཁམས་ནི་གཏོར་བཤིག་ཐེབས་སླབ་བ་ཞིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་ཁོེེེར་ཡུག་གཏོར་ཚབས་ཀྱི་གནད་དོན་ལ་མ་འཛེམས་པར་འཛུགས་བསྐྲུན་གྱི་ལས་གཞི་ཆེན་པོ་སྤེལ་བའི་རྐྱེན་གྱིས་སྣོད་བཅུད་ཆ་སྙོམས་མེད་པ་བཟོས་ཡོད་པའི་སྐྱོན་འཛུགས་གནང་འདུག
ཡང་སྲིད་སྐྱོང་མཆོག་གིས། བོད་མི་ཚོས་བོད་ཀྱི་ས་ཆའི་གནས་བབ་ལེགས་པ་ཤེས་ཀྱི་ཡོད་པ་དང་། དེ་བཞིན་བོད་ནང་གནམ་གཤིས་འགྱུར་ལྡོག་ཀྱི་དཀའ་ངལ་འཕྲད་ཀྱང་ཐོག་མ་དེ་བོད་མི་ཚོར་འཕྲད་རྒྱུར་སོང་། བོད་མི་ཚོས་བོད་ཀྱི་ཁོར་ཡུག་བདག་སྤྲོད་ལེགས་པ་སྤྲོད་སྲིད་པས་དེ་ལྟར་བྱེད་ཐུབ་རྒྱུར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ལ་དོན་ངོ་མའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་དུས་ལ་བབ་ཡོད་པ་རེད་ཅེས་གསུངས་འདུག