རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་འདམ་དབང་མེད་གསུངས།
2015.04.01
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་དུག་ཏུ་བརྩི་མཁན་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་འདམ་དབང་མེད་པ་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་Timeཞེས་སྙན་གྲགས་ཆེ་བའི་དུས་དེབ་ནང་དཔྱད་རྩོམ་ཞིག་སྤེལ་བའི་ནང་། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་ཆེའི་མི་མང་གི་རང་དབང་དང་བདེ་དོན། དེ་བཞིན་འཛམ་གླིང་ཞི་བདེའི་ཆེད་སྐུ་ངལ་འཛེམས་མེད་སྒོ་ནས་ཐུགས་བརྩོན་ཆེན་པོ་གནང་བ་དེས་རྒྱ་ནག་དམར་ཤོག་ཚོགས་པ་ཁོང་ཁྲོ་དྲག་པོ་ལངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རྒྱལ་མཆོག་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་ལ་དབུ་ལ་ར་ཅོ་ཡོད་པའི་བདུད་ཡིན་ལུགས་སོགས་མཚན་སྨད་འདྲ་མིན་ཞུས་པ་མ་ཟད། དེང་སྐབས་བོད་ནང་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་གཤོམ་ཞུ་མི་ཆོག་པའི་དམ་བསྒྲགས་བྱས་པ་དང་། ༧མགོན་པོ་གང་ཉིད་ཀྱི་སྐུ་པར་ཉར་མཁན་དང་སྒྲིག་གཤོམ་ཞུ་མཁན་རྣམས་ལ་ཉེས་ཆད་ནན་པོ་གཏོང་གི་ཡོད་པ་རེད། ཡིན་ནའི་རྒྱ་གཞུང་གིས་བདུད་ཡིན་ཟེ་ཞུ་ཡུལ་༧གོང་ས་མཆོག་གི་ཡང་སྲིད་འདམ་ཀ་ཞུ་རྒྱུའི་ཐོབ་ཐང་ཡོད་ཚུལ་བཤད་པ་དེ་ཆ་འཇོག་རྩ་བ་ནས་བྱེད་མི་རུང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་འདམ་དབང་མེད་ལུགས་འཁོད་འདུག
ཆོས་དུག་དང་ཉལ་ཐ་ལ་རྩིས་མཁན་རྒྱ་ནག་དམར་པོའི་གཞུང་གིས་རང་གི་འདོད་པ་ལྟར་༧རྒྱལ་མཆོག་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་ལ་ཡང་སྲིད་ཕེབས་དགོས་པའི་བཙན་བཀའ་གཏོང་གི་ཡོད་སྐོར་དང་། གལ་ཏེ་རྒྱ་གཞུང་གི་དཔོན་རིགས་ཚོས་ཆོས་དང་སྐྱེ་བ་སྔ་ཕྱི་སོགས་ལ་ཡིད་ཆེས་ཞུ་གིན་ཡོད་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་གཞིར་བཟུང་རྒྱ་གཞུང་རང་ཉིད་ནས་བདུད་ཅེས་འབོད་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་སེམས་ཁྲལ་བྱ་རྒྱུའི་ཚབ་ལ་རྒྱ་ནག་གི་གསར་བརྗེའི་དཔོན་རིགས་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིང་སོགས་ཀྱི་ཡང་སྲིད་འཚོལ་རྒྱུ་འགོ་འཛུགས་དགོས་སྐོར་སོགས་ཀྱང་Timeདུས་དེབ་ནང་བཀོད་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།