དེ་ཡང་ཕྱི་ཟླ་༡༠ཚེས་༣༠ནས་༣༡ཉིན་གཉིས་རིང་ཚོགས་གཏན་འཁེལ་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཡིས་དབུ་ཁྲིད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པར་སྐུལ་སློང་གི་ཆེད་རྒྱ་ནག་ལ་དམིགས་པའི་རྒྱལ་ཁབ་སྣེ་མང་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་མནའ་འབྲེལ་མཐུན་ཚོགས་པས་གདན་ཞུ་གནང་བ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཚེས ༢༩ཉིན་ཚོགས་འདུ་ལ་མཉམ་ཞུགས་གནང་ཡོད་པ་མ་ཟད། ལྷན་ཚོགས་དེའི་ཐོག་བོད་དོན་དང་འབྲེལ་བའི་གཏམ་བཤད་ཞིག་སྤེལ་གནང་སྐབས། སྲིད་སྐྱོང་མཆོག་གིས་འཛམ་གླིང་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་ནང་ལ་མང་གཙོ་དང་། རང་དབང་ལ་ལོངས་སྤྱོད་བྱེད་བཞིན་ཡོད་པ་ལྟར་དབང་ཆ་གཅིག་བསྡུས་སྲིད་གཞུང་ཀྱི་མངའ་འོག་ཏུ་ཚུད་པའི་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་རོགས་སྐྱོར་གནང་དགོས་པ་དང་། སྤྱིར་བཏང་མི་མང་ཚང་མ་རང་དབང་ངང་སྐྱེས་ཡོད་ནའང་ད་ལྟ་དུས་རབས་ཉེར་གཅིག་པ་དེའི་ནང་རྒྱ་ནག་གི་མངའ་འོག་ཏུ་ཚུད་པའི་བོད་དང་། ནང་སོག ཡུ་གུར། ད་ཆ་ཧོང་ཀོང་གི་མང་ཚོགས་བཅས་ཀྱིས་གཉའ་གནོན་མྱོང་བཞིན་ཡོད་ཅེས་གསུངས་པ་དང་ ཡང་སྲིད་སྐྱོང་མཆོག་གིས་ G20 འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡིས་དབུ་ཁྲིད་ལྷན་ཚོགས་ཐོག་ལ་གནད་དོན་གཙོ་བོ་ཞིག་གོ་ལའི་གནམ་གཤིས་ཚ་དྲོད་སྐོར་ལ་བཀའ་མོལ་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་གནམ་གཤིས་ཚད་དྲོད་འགོག་ཐབས་ཀྱི་ཐད་ལ་འགན་འཁུར་ཆེན་པོས་དང་ལེན་བྱེད་ཀྱི་ཡོད་པའི་གནད་དོན་གསལ་སྟོན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་རང་ཉིད་ཀྱི་ཚན་རིག་པ་ཚོས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་ས་ཁུལ་ནང་ཁོར་ཡུག་གཏོར་བཤིག་དང་འབྲེལ་ནས་ལས་དོན་སྤེལ་བཞིན་པ་དེ་དག་གི་ཐད་ལ་གནས་ཚུལ་གསལ་སྟོན་མ་བྱས་པར་གཡོལ་ཐབས་བྱེད་བཞིན་པ་དེ་དག་ནི་བློ་ཚབས་ཀྱི་རང་བཞིན་ཆེན་པོ་ཞིག་ཆགས་ཡོད་པའི་སྐོར་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་གིས་སྤྱི་ཚོགས་འཆམ་མཐུན་གྱི་གནད་དོན་དེ་གལ་ཆེན་པོ་ཡིན་པ་བརྗོད་པ་དང་། འོན་ཀྱང་དོན་དངོས་ཀྱི་ལས་ཀ་བྱེད་སྟངས་དེ་ནི་རྒྱ་གར་ས་མཚམས་ཁུལ་ནས་བཙན་འཛུལ་དཔུང་འཇུག་དང་དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་དྲག་པོའི་དཔུང་འཇུག་དང་ཐེ་ཝན་ཕྱོགས་ལ་དམག་གི་འཇིགས་སྐུལ་བྱེད་བཞིན་པ་དེ་དག་ནི་ཆེས་མ་འོས་པའི་བྱ་སྤྱོད་ཡིན་པ་སོགས་རྒྱ་ནག་གིས་བོིད་དང་། ནང་སོག དེ་བཞིན་ཡུ་གུར་མང་ཚོགས། ཧོང་ཀོང་མི་མང་དང་ཐེ་ཝན་བཅས་པའི་གནད་དོན་ཐད་ལ་ཚུལ་མཐུན་མིན་པའི་བྱ་སྤྱོད་སྤེལ་བཞིན་པའི་སྲིད་ཇུས་ཁག་ཐེར་འདོན་གནང་འདུག།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
སྲིད་སྐྱོང་མཆོག་རྒྱ་ནག་ལ་དམིགས་པའི་རྒྱལ་ཁབ་སྣེ་མང་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་བ།
