སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་རྟ་དབང་དུ་ཕེབས་འབྱོར་གནང་སྐབས་ས་གནས་རྒྱ་གར་དཔོན་རིགས་ནས་ཕེབས་བསུ་ཞུས་འདུག
ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་ཞུས་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༢ ནས་བཟུང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་བོད་པའི་གཞིས་ཆགས་ཁག་གི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང་། འདི་ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མོན་རྟ་དབང་དུ་ཕེབས་འབྱོར་གནང་སྐབས་ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་གཙོ་འཛིན་འཇམ་དཔལ་དབང་འདུས་ལགས་ཀྱིས་དབུས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་བཀྲ་ཤིས་ལགས་དང་ས་གནས་རྫོང་དཔོན་སྐལ་བཟང་དངོས་གྲུབ་ལྷ་མོ་ལགས། མོན་པ་མི་མང་ཚོགས་པའི་དྲུང་ཆེ་རྣམ་རྒྱལ་ཚེ་རིང་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྷུན་གྲུབ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་བོད་རིགས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག
ཡང་འདི་ཚེས་ ༡༡ ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་རྟ་དབང་ནང་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་ཚལ་དང་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དང་ཐུབ་བསྟན་བཤད་སྒྲུབ་གླིང་ཆོས་ཚོགས། དེ་བཞིན་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དང་མོན་རྟ་དབང་ཁུལ་དུ་ཡོད་པའི་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ཨོ་རྒྱན་གླིང་བཅས་སུ་གནས་མཇལ་ལ་ཕེབས་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་མཆོག་གིས་མོན་ཡུལ་མི་མང་དང་དབུས་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་དེ་སྔར་ལྷག་དམ་ཟབ་གཏོང་རྒྱུ་གལ་ཆེ་ཡིན་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་པའི་དགོན་སྡེ་ཁག་ཏུ་བོད་ནས་གྲྭ་རྒྱུན་ཡོང་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། ཧི་མ་ལ་ཡའི་རི་རྒྱུད་ནས་གྲྭ་རྒྱུན་མང་པོ་འཛུལ་ཞུགས་བྱེད་བཞིན་ཡོད་པ་བཞིན་མ་འོངས་པར་ཡང་འདི་ཁུལ་ནས་གྲྭ་རྒྱུན་དེ་བས་མང་བ་ཞུགས་ཐུབ་དགོས་པ་གསུངས་ཡོད་པ་རེད།
རྒྱ་དཀར་ནག་གཉིས་དབར་གྱི་རྩོད་རྙོག་ཡོད་པའི་འཕགས་བོད་ས་མཚམས་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་འཚམས་གཟིགས་གནང་པ་དང་། ལྷག་པར་རྟ་དབང་ཁུལ་དུ་ཕེབས་པ་འདི་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་རྒྱ་གར་གྱི་དམག་སྤྱི་ཟུར་པ་ཀར་ནལ་ཝི་ནཡེཀ་སྦཊ་(Col. Vinayak Bhat) ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཕྱི་ལོ་ ༡༩༨༣ ལོ་ནས་ད་བར་ཞབས་སོར་ཐེངས་བདུན་ཙམ་བསྐྱངས་གནང་མཛད་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ལོར་༧གོང་ས་༧སྐྱབས་མགོན་མཆོག་མོན་རྟ་དབང་དུ་༧ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་རྒྱ་ནག་གཞུང་གིས་ཚོར་ཤུགས་ཆེན་པོའི་ངང་སྐྱོན་བརྗོད་ཞུས་ཡོད་པ་རེད།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྲུག
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།