བོད་ནི་ཨེ་ཤེ་ཡ་སྤྱིའི་དཀའ་ངལ་སེལ་བའི་རྒྱུ་ཡིན་པ་གསུངས།
2015.08.27

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་དེ་ཨེ་ཤེ་ཡའི་དཀའ་ངལ་སེལ་བའི་རྒྱུ་ཞིག་ཡིན་ཚུལ་གསུངས་ཡོད་པ་རེད།
དེ་རིང་ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༨ཚེས་༢༥ཉིན། ལ་དྭགས་རྒྱལ་སྤྱིའི་བསྟི་གནས་ཁང་གིས་གོ་བསྒྲིགས་ གནང་བའི་ཁོར་ཡུག་གི་བགྲོ་གླེང་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་མིན་པར་ཨེ་ཤ་ཡའི་དཀའ་ངལ་སེལ་བའི་རྒྱུ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། དེ་ཡང་སྲིད་སྐྱོང་མཆོག་གིས། བོད་ནང་ཁོར་ཡུག་ཉམས་རྒུད་ཀྱི་རྐྱེན་པས་ཨེ་ཤ་ཡའི་ནང་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་སྐོར་གསུང་བཤད་གནང་བའི་ནང་། བོད་ནི་ཨེ་ཤ་ཡའི་ནང་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་དང་། སེང་གེ་ཁ་འབབ་ཀྱི་གཙང་ཆུ་བརྒྱ་ཆ་༤༠་བོད་ཀྱི་འཁྱགས་རོམ་ནས་འབྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ། དེ་བཞིན་ཝེ་ཐེ་ནམ་ནང་རྫ་ཆུ། རྒྱ་གར་དང་བྷང་ལ་རྡེ་ཤེ་ནང་ཡར་ཀླུང་གཙང་པོ་སོགས་ཀྱི་འབྱུང་ཁུངས་དེ་ཡང་བོད་ཆགས་ཡོད་ཅིང་།
དེ་བཞིན་དེང་སྐབས་མི་འབོར་ཐེར་འབུམ་མང་པོར་འཐུང་ཆུ་དཀོན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་མཐོ་སྒང་བོད་ནི་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཆགས་ཡོད་སྐོར་དང་།
ད་དུང་སྲིད་སྐྱོང་མཆོག་གིས་ཆུའི་གལ་འགངས་དང་འབྲེལ་བའི་སྐོར་ལ། སྔ་མོའི་དུས་སུ་མི་རྣམས་ཀྱིས་ས་ཆའི་དོན་དུ་དམག་འཁྲུག་རྒྱབ་ཀྱི་ཡོད། ད་ལྟའི་དུས་ཚོད་འདིར་སྣུམ་གྱི་དོན་དང་། འབྱུང་འགྱུར་ཆུའི་དོན་དུ་དམག་འཁྲུག་རྒྱབ་རྒྱུའི་དུས་ཚོད་ཅིག་སླེབས་ཀྱི་རེད་ཅེས་དང་། རྒྱ་གཞུང་གིས་བོད་ནང་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་འདྲ་མིན་རྒྱབ་པ། གཙང་ཆུ་ཁ་བསྒྱུར་བྱེད་པའི་ལས་གཞི་སྤེལ་བ་སོགས་ཀྱིས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་གྱི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་སོགས་བོད་ཀྱི་གནད་དོན་དེ་བོད་ཁོ་ནའི་དོན་དུ་མིན་པར་ཨེ་ཤ་ཡའི་སྤྱི་དང་། ལྷག་པར་དུ་རྒྱ་གར་དང་ཉེ་བའི་གླིང་ཆེན་ཁག་ལ་འབྲེལ་བ་ཆགས་ཡོད་པར་བརྟེན་བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་ ལ་མ་རྩིས་པར་ཨེ་ཤ་ཡའི་ནང་ཆུའི་དཀའ་ངལ་སེལ་ཐབས་ཀྱི་རྒྱུ་ཞིག་ཡིན་པར་ངོས་འཛིན་གནང་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།