བོད་ཀྱི་ལས་འགུལ་ལམ་ལྷོང་དུ་འགྲོ་རྒྱུ་གལ་ཆེན་ཡིན།
2016.11.07

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མང་གཙོའི་རྩ་འཛིན་གཅེས་སྲུང་དང་འཛམ་གླིང་གི་ཁོར་ཡུག་བདེ་འཇགས་ཀྱི་ཆེད་བོད་ཀྱི་ལས་འགུལ་དེ་ལམ་ལྷོང་དུ་གཏོང་དགོས་པའི་སྐོར་ནན་བརྗོད་གནང་འདུག
ཕྱི་ཚེས་༦་རེས་གཟའ་སྤེན་པའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ཤེས་སྟོབས་ཅན་གྱི་འདུ་འཛོམས་ཐེངས་གསུམ་པ་3rd India Ideas Conclave ཐོག་གསུངས་བཤད་གནང་ཡོད་ཅིང་། ཁོང་གིས་རྒྱ་གར་གྱི་གྷོ་ཝ་Goa་གྲོང་ཁྱེར་དུ་ཚོགས་པའི་རྒྱ་གར་གྱི་ཤེས་སྟོབས་ཅན་གྱི་འདུ་འཛོམས་སུ་བོད་འདི་བཞིན་ཨེ་ཤེ་ཡའི་གླིང་ཆེན་གྱི་ཆུ་བོའི་མཐོ་སྒང་གི་གནས་བབས་ཀྱི་ཆ་ནས་གནད་འགག་ཆེན་པོ་ཡིན་པ་མ་ཟད། རྒྱ་གར་གྱི་དཔལ་ཡོན་འཕེལ་རྒྱས་ཀྱི་གཞི་རྟེན་དུ་འགྱུར་ཡོད་པའི་སྐོར་གཏམ་བཤད་གནང་འདུག དེ་མ་ཟད་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དེ་ཤེ་དང་། དེ་བཞིན་རྒྱ་ནག་གི་དཔལ་ཡོན་འཚོ་གནས་ཀྱི་ཆེད་དུ་བོད་ནས་རྒྱུགས་པའི་ཆུ་བོ་ཁག་ཤིན་ཏུ་ནས་གནད་འགག་ཅན་ཡིན་པའི་སྐོར་གསུངས་པ་མ་ཟད། སྲིང་སྐྱོང་མཆོག་གིས་བོད་མི་རྣམས་ཀྱིས་རྒྱ་གར་གྱི་དཔལ་ན་ལན་ཌའི་ནང་ཆོས་ཀྱི་སྲོལ་རྒྱུན་དེ་གཅེས་ཉར་གནང་ཐུབ་པ་མ་ཟད། དར་སྤེལ་གནང་ཐུབ་ཡོད་པ་དང་། བོད་མི་རྣམས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐད་བོད་མི་རྣམས་སྐྱབས་བཅོལ་གྱི་མི་ཚེ་བསྐྱེལ་བཞིན་པ་ཡིན་རུང་རྒྱ་གར་གྱི་རིག་གཞུང་གི་དཔལ་ཡོན་འཕེལ་རྒྱས་ཐོག་ལེགས་སྐྱེས་ཕུལ་ཐུབ་ཡོད་པའི་སྐོར་གསུངས་འདུག དེ་མ་ཟད་བོད་མི་སྐྱབས་བཅོལ་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་སྲོལ་ལ་བརྟེན་པའི་ལས་འགུལ་དེ་རྒྱ་གར་གྱི་འཚེ་མེད་ཞི་བའི་སྲོལ་རྒྱུན་དང་མང་གཙོའི་འགྲོ་སྟངས་ཐོག་བཟོ་སྒྲིག་གནང་བའི་ལས་འགུལ་ཞིག་ཡིན་པའི་ཆ་ནས་རྒྱ་
གར་གཞུང་དང་། མི་མང་རྣམས་བོད་མིའི་ཐོག་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་སྲིད་སྐྱོང་མཆོག་གིས་དྲན་བསྐུལ་གནང་དང་སྦྲགས་རྒྱ་གར་གྱི་མང་གཙོའི་རྩ་འཛིན་གཅེས་སྲུང་དང་འཛམ་གླིང་གི་ཁོར་ཡུག་བདེ་འཇགས་ཀྱི་ཆེད་བོད་ཀྱི་ལས་འགུལ་དེ་ལམ་ལྷོང་དུ་གཏོང་དགོས་པའི་སྐོར་ནན་བརྗོད་གནང་འདུག
རྒྱ་གར་གྱི་ཤེས་སྟོབས་ཅན་གྱི་ལྷན་ཚོགས་ཐེངས་གསུམ་པའི་དབུ་འབྱེད་ཀྱི་གསུངས་བཤད་དེ་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ནས་གནང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།