སྲིད་སྐྱོང་མཆོག་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ནང་གདན་ཞུས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་དོན་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་འདུག

ཕྱི་ཟླ་༦ཚེས་༡༧ཉིན་ནས་བཟུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོསི་ཊརེ་ལི་ཡའི་Australiaནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༢༠ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་གདན་ཞུས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་Dr. Sophie Scampsལགས་ནས། དེ་རིང་འདིར་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་གདན་ཞུ་ཐུབ་པ་དེ་དགའ་སྤོབས་བྱུང་ལ། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ལ་ཐད་ཇུས་བྱེད་རྒྱུའི་འཆར་གཞི་ཡོད་སྟབས། ཡང་སྲིད་ཀྱི་གནད་དོན་ནི་ཆོས་ལུགས་ཀྱི་གནད་དོན་ཆགས་ཡོད་པས། མ་འོངས་པར་མུ་མཐུད་ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་གི་ཆོས་ལུགས་ཀྱི་ཐོབ་ཐང་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་།
ཡང་སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་བ་དང་། འདི་ལོའི་ཕྱི་ཟླ་༤ནང་བཞུགས་སྒར་དྷ་སར་གཟིགས་སྐོར་དུ་ཕེབས་མྱོང་མཁན་ལྕམ་སྐུ་Susane Templemanལགས་ནས། ཨོསི་ཊརེ་ལི་ཡ་གཞུང་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་དང་མཉམ་དུ་གཞུང་སྒེར་གང་དུ་འབྲེལ་བ་བྱེད་སྐབས་བོད་དོན་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་བོད་དང་འབྲེལ་བའི་སྙན་ཐོ་དང་བོད་ནང་གི་གནས་སྟངས་ཐབས་སྡུག་སྐོར་གྱི་གནས་ཚུལ་མང་དག་ཅིག་ཐོན་བཞིན་འདུག་ལ། དཔེར་ན་བོད་ནང་གི་བོད་མི་རྣམས་ངལ་རྩོལ་སྒྱུར་བཀོད་དུ་བཀོད་བཞིན་པ་དང་། བོད་ཕྲུག་བྱིས་པ་ཚོ་འདོད་མོས་མེད་བཞིན་དུ་སྲིད་གཞུང་གི་གཉེར་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པས། བོད་ནང་གི་གནད་དོན་ཛ་དྲག་པོ་ཆགས་ཡོད་པས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་པའི་སྐོར་གསུང་བཤད་གནང་སོང་།
ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ནས། ཐེངས་འདིར་སྲིད་སྐྱོང་མཆོག་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་གདན་ཞུས་གནང་བ་དེ་ཚད་མཐོ་བོ་ཡིན་པ་དང་། གྲོས་ཚོགས་འོག་མའི་ནང་ཕེབས་སྐབས་ཡུལ་དེའི་སྲིད་བློན་མཆོག་གྲོས་ཚོགས་སུ་ཕེབས་གནང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་གྲོས་ཚོགས་ནང་ཕེབས་སྐབས་དང་འབྲེལ་མི་མང་གི་སྤྱི་བའི་འདོད་མོས་ཞེས་པའི་གནད་དོན་སྐོར་ནས། བགྲོ་གླེང་དང་གྲོས་བསྡུར་གནང་སྐབས་གྲོས་ཚོགས་འཐུས་མི་ཕལ་ཆེ་བས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་སོང་བ་སོགས་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་ཡུལ་དེའི་ནང་གཟིགས་སྐོར་དང་འབྲེལ་ཕྱི་ཚེས་༡༧ཉིན་ཐོག་མར་ཨོསི་ཊརེ་ལི་ཡའི་མེག་ཀེ་ལར་བུ་མོ་སློབ་གྲྭའི་Mackellar Girls' Campusརིག་གནས་སྐྱེད་ཚལ་ཁང་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་དང་། ཕྱི་ཚེས་༡༨ཉིན་ཡུལ་དེའི་སིཌ་ནི་ཁུལ་གྱི་བོད་རིགས་གཞོན་སྐྱེས་གྲངས་བརྒྱ་ལྷག་དང་མཇལ་འཕྲད་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ས་བབ་ཆགས་སྟངས། ཁོར་ཡུག་གནས་སྟངས་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་དང་། ཕྱི་ཚེས་༡༩རེས་གཟའ་ཟླ་བའི་ཉིན། ཨོསི་ཊརེ་ལི་ཡའི་New South Walesམངའ་སྡེའི་གྲོས་ཚོགས་སུ་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༢༡ཉིན་ཡུལ་དེའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་གི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།