དོལ་རྒྱལ་རྗེས་འབྲངས་བས་བོད་མིར་སུན་གཙེར་བྱས་བར་ཁྲིམས་ཆད།

ངག་དབང་ནོར་བུ་ལགས་སུ་ཁྲིམས་ཁང་མདུན་བཅར་འདྲི་དང་བོད་མི་ཚོས་དགའ་བསུ། ༢༠༡༦།༥།༢༣
ངག་དབང་ནོར་བུ་ལགས་སུ་ཁྲིམས་ཁང་མདུན་བཅར་འདྲི་དང་བོད་མི་ཚོས་དགའ་བསུ། ༢༠༡༦།༥།༢༣ (མཐུན་འགྱུར་པར་རིས།)

0:00 / 0:00

ཨ་རིར་དོལ་རྒྱལ་རྗེས་འབྲང་པ་ཞིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་ས་གནས་ཁྲིམས་ཁང་ནས་ཁྲིམས་ཆད་བཏང་ཡོད་པ་རེད།
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་བཅུ་པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་Massachusets མངའ་སྡེའི་གྲོང་ཁྱེར་བྷོ་སོ་ཀྲོན་ནང་ཆིབས་བསྒྱུར་བསྐྱངས་གནང་བའི་སྐབས་སུ་། དོལ་རྒྱལ་རྗེས་འབྲང་པ་བློ་བཟང་རྒྱལ་མཚན་ནམ་མིང་གཞན་ལ་རྡོ་པ་རྒྱགས་པ་ཟེར་བས་བྱ་ངན་བརྩམས་པ་དང་། ལྷག་པར་ས་གནས་བོད་རིགས་རྒན་གྲས་ངག་དབང་ནོར་བུ་ལ་དཔུང་ཟུག་རྒྱབ་ནས་བསུན་གཙེར་བཟོས་བ་སོགས་ལ་བརྟེན། ངག་དབང་ནོར་བུ་ལགས་ནས་ས་གནས་ཁྲིམས་ཁང་དུ་ཁོ་པའི་ཐོག་ཁྲིམས་གཏུགས་བྱས་ཡོད་འདུག
གནད་དོན་འདིའི་ཐོག་༢༠༡༦་ལོའི་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་གསུམ་ཉིན་མངའ་སྡེའི་ས་ཁུལ་དེའི་ཁྲིམས་ཁང་དུ་མཐའ་མའི་ཐག་གཅོད་གནང་འདུག ཐག་གཅོད་གནང་བའི་སྐབས་སུ་ཁྲིམས་དཔོན་གྱིས། བློ་བཟང་རྒྱལ་མཚན་ལ་ཁྱེད་རང་ད་ལྟའི་ཆར་ཨ་མི་རི་ཀའི་མི་སེར་ཆགས་མེད་སྟབས། མ་འོངས་པར་མི་སེར་ཆགས་རྒྱུར་དཀའ་ངལ་འཕྲད་སྲིད་པའི་གནས་ཚུལ་ཤེས་རྟོག་ཡོད་མེད་དྲིས་པ་དང་། དེ་བཞིན་ནག་ཉེས་ངོས་ལེན་བྱས་པ་ཡིན་ན་ཉེན་རྟོག་པས་ཚོད་ལྟའི་དུས་ཡུན་ལོ་གཅིག་འཇོག་རྒྱུ་དང་། དེའི་རིང་ནག་ཉེས་ཆེ་ཆུང་གང་ཞིག་བྱས་ཚེ་འཛིན་བཟུང་གིས་ནག་ཉེས་ལ་གཞིགས་པས་བཙོན་ཆད་གཏོང་རྒྱུ་འམ་ཡང་ན་ཨ་རིའི་མི་སེར་ཆགས་རྒྱུར་འགོག་རྐྱེན་དང་། དེས་མ་ཟད་ཨ་རི་ནས་ཕྱིར་འབུད་གཏོང་སྲིད་པ་སོགས་ཀྱི་གནད་འགག་རྣམས་ཤེས་རྟོགས་ཡོད་དམ་ཞེས་བཀའ་འདྲི་གནང་བར་ཁོ་པས་ཤེས་རྟོག་ཡོད་ཅེས་ལན་འདེབས་བྱས་པ་བཅས་གང་ལྟར་མཐའ་མར་ཁོ་པས་ནག་ཉེས་ངོས་ལེན་བྱས་པར་བརྟེན་ཁྲིམས་དཔོན་མཆོག་གིས། ད་ནས་བཟུང་ཁོ་པས་ངག་དབང་ནོར་བུ་ལགས་ཀྱི་ཉེ་འཁྲིས་སུ་འགྲོ་བ་འམ་ཡང་ན་ཁོང་གི་ལག་ཐོག་ཁ་པར་དང་། ངོ་དེབ་སོགས་བརྒྱུད་ཐད་ཀར་འབྲེལ་བ་འམ་ཡང་ན་གཞན་བརྒྱུད་ནས་འབྲེལ་བ་བྱེད་མི་ཆོག་པའི་བཀའ་གནང་འདུག་ལ་མཐའ་མའི་ཉེས་ཆད་དུ་དོལ་རྒྱལ་རྗེས་འབྲང་བ་བློ་བཟང་རྒྱལ་མཚན་ནམ་རྡོ་བ་རྒྱགས་པ་ཟེར་བ་དེར་ཐེངས་གཅིག་རིང་ས་གནས་ཁྲིམས་རྩོད་པར་ཨ་སྒོར་དགུ་བཅུ་སྤྲོད་དགོས་པ་དང་། ས་གནས་སྲིད་གཞུང་ལ་ལོ་གཅིག་རིང་ཟླ་བ་རེར་ཨ་སྒོར་ལྔ་བཅུ་ཐམ་པ་འབུལ་དགོས་པ། གལ་སྲིད་དངུལ་འབུལ་ཆད་བྱུང་བ་ཡིན་ན་ལམ་སེང་འཛིན་བཟུང་གིས་ཁྲིམས་ཆད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་བཅས་མཐའ་མའི་ཁྲིམས་ཆད་བཀལ་བའི་རྗེས་སུ་ཁྲིམས་རྩོད་པས་ངག་དབང་ནོར་བུ་ལགས་སུ་ད་ནས་བཟུང་ཁྱེད་རང་ཁྲིམས་ཁང་འདིར་ཡོང་དགོས་ཀྱི་མ་རེད། ཁྲིམས་གཏུགས་ལས་ཀ་ཆ་ཚང་ལམ་ལྷོང་བྱུང་བར་འཚམས་འདྲི་ཡོད་ཅེས་གསུངས་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།