༧གོང་ས་མཆོག་གིས་ཕ་ལམ་བཟོ་གྲྭར་གཟིགས་སྐོར་གནང་བ།
2015.01.02
སྤྱི་ནོར་༧གོང་ས་མཆོག་ལ་Santokbaaཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག
དེ་ཡང་རྒྱ་གར་གྱི་གུ་ཇུ་ར་ཏིའི་གྲོང་ཁྱེར་Surat ནང་རྟེན་གཞི་བྱེད་པའི་SRK Foundation ཞེས་པའི་ཚོང་དོན་ཚན་པས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༡༥ ཕྱི་ཟླ་དང་པོའི་ཚེས་གཉིས་ཉིན་་Santokbaa Awardཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་ཡོད་འདུག གོང་ཞུས་གཟེངས་རྟགས་དེ་བཞིན་སུ་རཏ་ནང་རྟེན་གཞི་བྱེད་པའི་རྡོ་རྗེ་ཕ་ལམ་བཟོ་གྲྭའི་སྦྱིན་བདག་སྐུ་ཞབས་Govind Dholakiyaཞུ་བས་ཁོང་རང་ཉིད་ཀྱི་ཨ་མ་ལགས་ཀྱི་བཀྲིན་རྗེས་དྲན་གྱི་ཚུལ་དུ་ཕྱི་ལོ་༢༠༠༧ ལོ་ནས་བཟུང་འགོ་བཙུགས་གནང་བ་ཞིག་ཡིན་པ་རེད། SRK ཞེས་པའི་ཕ་ལམ་ཚན་པ་དེ་ནི་རྒྱ་གར་ནང་ནས་ཕ་ལམ་གྱི་བཟོ་གྲྭ་ཆེ་ཤོས་ཤིག་དང་། འཛམ་གླིང་ཁྱོན་ཡོངས་སུ་ཚོང་འབྲེལ་འགྲོ་རྒྱུགས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད་། ལྷག་པར་དུ་བཟོ་གྲྭ་དེའི་སྦྱིན་བདག་ཚོས་ལོ་སྔོན་མའི་ནང་། རྒྱ་གར་གྱི་ཧིན་རྡུའི་དུས་ཆེན་ཆེ་ཤོས་Diwali སྐབས་སུ་བཟོ་གྲྭའི་ལས་མི་སྟོང་ཕྲག་མང་པོར་མོ་ཊ་དང་། ཁང་པ། ཕ་ལམ་གྱི་རྒྱན་ཆ་སོགས་རྔན་པའི་ཚུལ་དུ་སྤྲད་པ་སོགས་གང་ལྟར་གཏོང་ཕོད་ཅན་གྱི་ཚོང་པ་ཞིག་ཀྱང་ཡིན་པ་རེད། ཡང་ཁ་སའི་གཟེངས་རྟགས་འབུལ་བཞེས་སྐབས་ལོ་འདིའི་གཟེངས་རྟགས་དེ་བཞིན་ཤིན་ཏུ་བཀུར་འོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུ་ཡིན་ཞེས་དྲིལ་བསྒྲགས་འདི་ལྟར་གནང་ཡོད་པ་རེད། ཡང་༧གོང་ས་མཆོག་ལ་གཟེངས་རྟགས་ཕུལ་མཁན་གུ་ཇུ་ར་ཏིའི་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་OP Kohli མཆོག་གིས། རྩ་བའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཆེ་བསྟོད་ཀྱི་གཟེངས་རྟགས་བཞེས་རྒྱུའི་ཆེད་འདི་ཁུལ་ཞབས་བཅག་གནང་ཡོད་ཀྱང་། ད་རེས་ངོས་ཀྱིས་གཟེངས་རྟགས་འདི་བཞིན་འབུལ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅེས་གུས་བཏུད་དང་། ༧གོང་ས་མཆོག་ལ་བསྔགས་བརྗོད་ཀྱི་ཚིག་བརྗོད་དང་སྦྲགས་ཕུལ་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
2015-01-02 ༧གོང་ས་མཆོག་གིས་བདེ་སྐྱིད་དང་ཞི་བདེ་ལ་ཕྱིའི་དངོས་པོ་ཙམ་མ་ཡིན་པར་ནང་སེམས་ཀྱི་ཞི་བདེ་དགོས་གལ་ཆེ་བ་གསུངས་འདུག
དེ་ཡང་བོད་ཀྱི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་Maharashtraའི་Pune གྲོང་ཁྱེར་ནང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་་Gujaratམངའ་སྡེའི་ནང་གི་Suratཞེས་པའི་མཚོ་ཁའི་གྲོང་ཁྱེར་རུ་ཕ་ལམ་གྱི་བཟོ་གྲྭ་ཞིག་ལ་གཟིགས་ཞིབ་དང་འབྲེལ་མཛད་འཆར་ཁག་ཅིག་བསྐྱངས་འདུག Suratགྲོང་ཁྱེར་རུ་རྟེན་གཞི་བྱེད་པའི་ཕ་ལམ་གྱི་ཚོང་པ་ཆེ་གྲས་སྐུ་ཞབས་Govind Dholakiaཞུ་བས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཚེས་༡ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ Shree Ramkhrisna exportsཞེས་པའི་ཕ་ལམ་ཕྱིར་ཚོང་གི་བཟོ་གྲྭ་གསར་པར་གཟིགས་སྐོར་བསྐྱངས་གནང་མཛད་དེ། ཕ་ལམ་གཅོད་འབྲེག་ལ་སོགས་པའི་བཟོ་གྲྭའི་ལས་དོན་གྱི་བརྒྱུད་རིམ་ཡོངས་ལ་གཟིགས་ཞིབ་གནང་ཡོད་འདུག ཉིན་རྒྱབ་༧གོང་ས་མཆོག་ནས་ Veer Narmad South Gujurat Universityགཙུག་ལག་སློབ་གྲྭའི་ཆེན་མོའི་ཚོགས་ཁང་ནང་། གཞོན་ནུ་སློབ་ཕྲུག་༤༠༠༠ལྷག་ཙམ་ལ་མེ་ཚེ་དོན་དང་ལྡན་པ་ཞིག་བསྐྲུན་ཐབས་བྱ་གལ་ཆེ་བ་དང་། ལྷག་པར་དུ་དུས་རབས་༢༡པའི་གཞོན་སྐྱེས་རྣམས་ལ་མ་འོངས་པའི་མི་ཚེ་དེ་བདེ་སྐྱིད་དང་ཞི་བདེ་ལྡན་པའི་མེ་ཚེ་ཞིག་བསྐྲུན་དགོས་ན། ཕྱི་དངོས་པོ་ཙམ་མ་ཡིན་པར་ ནང་སེམས་ཀྱི་ཞི་བདེ་དགོས་གལ་ཆེ་བ་དང་། ལྷག་པར་དུ་དེང་དུས་ཀྱི་དུས་རབས་ནང་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་དགོས་པ་མ་ཟད། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་ཕྱུག་པོ་དེ་དག་ལས་སེམས་ཞི་བདེ་སྐྲུན་ཐབས་སྐོར་སྦྱོང་བརྡར་བྱེད་དགོས་པ་སོགས་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་འདུག ༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་Surat གྲོང་ཁྱེར་ནང་ཚོང་ལས་གཉེར་བཞིན་པའི་བོད་མི་སུད་ཚོང་བ་༧༥༠ཞིག་ནས་༧ གོང་ས་མཆོག་ལ་ཕེབས་བསུ་དང་མཇལ་ཁར་བཅར་འདུག་པ་དང་། མཇལ་ཁའི་སྐབས་༧ གོང་ས་མཆོག་གིས་བོད་མི་ཚོར་ནང་ཆོས་ཀྱི་སྙིང་པོ་གོ་དོན་ཤེས་པར་བྱ་དགོས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་སྤོབས་སེམས་བྱེད་དགོས་ལུགས་ནན་སྐུལ་གནང་འདུག་ལ་ལྷག་པར་དུ་རྒྱ་གར་གྱི་བོད་མིའི་གཞིས་ཆགས་ཁག་ནས་གཞོན་སྐྱེས་མང་པོ་ས་གནས་གཞན་དུ་གནས་སྤོ་བྱེད་བཞིན་ཡོད་པ་དེས་མ་འོངས་ཤུགས་རྐྱེན་ཇི་ཆགས་སོགས་ཀྱི་གནད་དོན་སྐོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་གྲོས་གནང་ཡོད་པ་བཅས་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།