བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ཡང་བསྐྱར་འཇུ་བཟུང་།
2015.04.07
བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གློ་བུར་གསང་སྟབས་ཀྱིས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༣་པའི་ཚེས་༡༩ཉིན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཞོགས་ལྗང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཇུ་བཟུང་བྱས་བ་དོན་དངོས་རེད། ད་དུང་ཁོ་དང་མཉམ་དུ་ཡོད་པའི་གྲོགས་པོ་ཞིག་ཀྱང་སྐབས་དེར་འཇུ་བཟུང་བྱས་རྗེས་གློད་གྲོལ་བཏང་འདུག་ལ་ད་ལྟ་ཁོང་རྨ་ལྷོ་རེབ་གོང་ཕྱོགས་སུ་བཀག་ཉར་བྱས་བསྡད་ཡོད་པའི་གོ་ཐོས་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་མ་བྱུང་བ་ངོ་སྤྲོད་བྱས་བྱུང་། གནས་ཚུལ་ལྟར་ན། ཁོ་རང་འཛིན་བཟུང་མ་བྱས་སྔོན་གྱི་སྤྱི་ཟླ་༣པའི་ཚེས་༡༦ཉིན་རེབ་གོང་ཕྱོགས་སུ་རྒྱ་ནག་གི་དམག་མི་མང་པོས་མེ་མདའ་བཟུང་ནས་ས་གནས་སུ་དམ་དྲག་བྱེད་བཞིན་པའི་སྐོར་ལ་ཟིན་བྲིས་སྤེལ་ཡོད་པ་རེད། ཚེས་༡༨ཉིན་མཚོ་བྱང་རྐང་ཚའི་ཉམས་ཆུང་སློབ་མའི་སྐོར་ལ་ཟིན་བྲིས་སྤེལ་ཡོད་འདུག
དེ་སྔོན་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༤བའི་ཚེས༦ཉིན་བོད་ཀྱི་ན་གཞོན་རྩོམ་པ་པོ་ཐེའུ་རང་དང་། ཞོགས་ལྗང་གཉིས་རྒྱ་ནག་གཞུང་གིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་གསར་བརྗེའི་སྣེ་ཁྲིད་པ་དང༌། ཕྱི་སྡོད་བོད་ཀྱི་ཤེས་ཡོན་ཅན་དང་འབྲེལ་བ་ཡོད་པ། བོད་ནང་དུ་མི་རིགས་ཁ་བྲལ་གྱི་ངན་སྐུལ་བྱེད་བཞིན་ཡོད་པ་སོགས་ཀྱི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་པ་དང༌། རྗེས་སུ་རྩོམ་པ་པོ་ཐེའུ་རང་ཟི་ཁྲོན་ཞིང་ཆེན་གྱི་བདེ་འཇགས་ལས་ཁུངས་དུ་བཀག་ཉར་བྱས་པ་དང་། རྩོམ་པ་པོ་ཞོགས་ལྗང་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་གྱི་བདེ་འཇགས་ལས་ཁུངས་ནས་བཀག་ཉར་བྱས་མྱོང་ཡོད་པ་རེད། གློད་གྲོལ་རྗེས་ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནང་བསྐྱར་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་མ་ཟད། སློབ་གྲྭ་མཐར་ཕྱིན་གྱི་ངག་རྒྱུགས་བགྲོ་གླེང་དུའང་མཉམ་ཞུགས་བྱེད་བཅུག་མེད་པ་རེད།
གོང་གི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ནི་ཁོང་གི་སྨྱུག་མིང་ཡིན་པ་དང་། མིང་དངོས་འབྲུག་ལོ་ཁོང་ནི་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་གི་རྒན་གྱ་ཕྱོགས་ནས་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།