ཉི་ཧོང་སྲིད་བློན་རྒྱ་གར་དུ་ཕེབས།
2014.01.25

༄༅༎ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བེ་མཆོག་ཉེ་ཧོང་དང་རྒྱ་གར་གྱི་ཚོང་དོན་དང་ཐབས་བྱུས་ཀྱི་འབྲེལ་ལམ་སྲ་བརྟན་བཟོ་ཆེད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ཡོད་ཅིང་། འདི་ནི་ཉེ་ཧོང་གི་ངོས་ནས་མངའ་ཁུལ་ནང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་འཁོད་སྙོམ་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་གནམ་ཐང་དུ་ཕེབས་འབྱོར་སྐབས་རྒྱ་གར་གྱི་གསར་འགོད་པར་། ཁོང་གི་ངོས་ནས་རྒྱ་གར་དང་མཉམ་དུ་ཚོང་དང་བདེ་འཇགས་ཀྱི་འབྲེལ་ལམ་ཤུགས་དྲག་དང་བཅས་འཕེལ་རྒྱས་གཏོང་འདོད་ཡོད་པ་གསུངས་འདུག།
ཐེངས་འདིའི་ཉེ་ཧོང་གི་སྲིད་བློན་གྱི་རྒྱ་གར་གྱི་འཚམས་གཟིགས་འདི་བཞིན་ཉེ་ཧོང་དང་རྒྱ་ནག་དབར་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་གི་རྩོད་གཞིའི་གནས་སྟངས་ཇེ་ཆེར་ཕྱིན་ཏེ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་དང་འཁེལ་བ་ཞིག་ཀྱང་ཡིན་པ་རེད། གཟའ་པ་སངས་ཉིན་ཉེ་ཧོང་གི་སྲིད་བློན་གྱིས་ཉེ་ཧོང་དང་རྒྱ་ནག་གྱི་དབུ་འཁྲིད་དབར་ཆེས་མཐོའི་མཇལ་འཕྲད་གནང་སྟེ་འགག་རྩའི་རང་བཞིན་གྱི་གྲོས་མོལ་དགོས་རྒྱུའི་ཛ་དྲག་གི་འབོད་བཀུལ་གནང་ཡོད་པ་རེད། ཉེ་ཧོང་གིས་རྒྱ་ནག་གི་ངོས་ནས་ཉེ་ཧོང་གི་མཚོ་ཐོག་ནས་དངོས་ཟོག་ཕྱིར་འཚོང་ནང་འདྲེན་བྱ་ཡུལ་རྒྱ་མཚོའི་ངོགས་མཚམས་ཁག་གི་ཐོག་སྟངས་འཛིན་བྱེད་བསམ་ཡོད་པའི་འཇིགས་སྣང་བྱེད་བཞིན་ཡོད་ཅིང་། སྲིད་བློན་ཤིན་ཛོ་ཨ་བེ་མཆོག་གིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་བདེ་འཇགས་ཁོར་ཡུག་གི་གནས་སྟངས་དེ་སྔོན་ལས་ཉེན་འཚབ་ཆེ་རུ་སོང་ཡོད་པ་འགྲེལ་བརྗོད་གནང་འདུག། ཉེ་ཧོང་གི་སྲིད་བློན་ཕྱི་ཟླ་དང་པོའི་ཚེས་ ༢༦ སྟེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་གསར་བཙུགས་ཀྱི་དུས་ཆེན་ཉིན་མོའི་རྒྱ་གར་གཞུང་གི་སྐུ་མགྲོན་གཙོ་བོ་གནང་རྒྱུ་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་དང་མཇལ་འཕྲད་སྐབས་རྒྱ་ནག་དང་། ཚོང་ལས་། བདེ་འཇགས་སོགས་གནད་དོན་མང་དག་ཞིག་གི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག།
གསར་འགོད་པ་སྐལ་ལྡན་བློ་གྲོས།