དགའ་ལྡན་ཁྲི་པར་མངའ་གསོལ་ཞུས་པ།


2016.11.06
དགའ་ལྡན་ཁྲི་པར་མངའ་གསོལ་ཞུས་པ། ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་༡༠༣པར་ཁྲི་སྟོན་མངའ་གསོལ་ཞུས་པ།
རྒྱུད་སྟོད་དགེ་རྩ་ཚོགས་པ།

༄༅༎ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཁ་སང་ཕྱི་ཟླ་༡༡་ཚེས་༥ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པའི་ཁྲི་སྟོན་མངའ་གསོལ་ཞུས་པའི་གནས་ཚུལ་འདུག  དེ་ཡང་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་ནས་ཡིན་པའི་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༥ ཉིན་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ནང་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་རེད།
སྐབས་དེར་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས།རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག   གདན་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་གི་མཁན་པོ། གཞན་ཡང་ལྷོ་སྤྱི་དང་ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་གྲངས་ཉིས་སྟོང་ལྷག་ཕེབས་ཡོད་འདུག
མཛད་སྒོའི་ཐོག་ དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བཀའ་དགོངས་ཚུལ་བཞིན་ལག་བསྟར་གནང་སྟེ་༸གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ཐབས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་འདུག  རྩ་བའི་ཕྱི་ཟླ་༡༡་ཚེས་༤ཉིན་དགའ་ལྡན་ཕུ་ཁང་ཁམས་ཚན་དང་དགའ་ལྡན་བླ་སྤྱི།དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ལ་སྔོན་འགྲོའི་མཛད་སྒོ་ཞིག་ཀྱང་ཚོགས་གནང་ཡོད་པ་མ་ཟད། དེ་རིང་ཚེས་ ༦ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་པ་གསར་རྙིང་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་འདུག
ཤར་བ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་ ༨༠ ཕེབས་ཡོད་པ་དང་། ཁོང་བོད་ཁམས་ཡ་རར་སྐུ་འཁྲུངས་ཞིང་ཆུང་དུས་སུ་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ། དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་སློབ་གཉེར་གནང་བ་དང་། དེ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་སློབ་གཉེར་གནང་འདུག  རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་ཕྱག་མཛོད་དང་། གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས། དཔེ་ཁྲིད་དགེ་རྒན་སོགས་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་མ་ཟད། དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། ལོ་གསུམ་རིང་རྒྱུད་སྟོད་བླ་མ་དབུ་མཛད་དང་ལོ་གསུམ་རིང་མཁན་པོ་བཅས་ཀྱང་གནང་འདུག ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་སྩལ་རྗེས། ད་བར་ལོ་ངོ་ ༡༤ རིང་ཤར་པ་ཆོས་རྗེ་གནང་ཡོད་ལུགས་བོད་ཀྱི་དུས་བབ་ནང་གནས་ཚུལ་སྤེལ་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎