རྒྱ་ནག་ཧྲང་ཧེ་རུ་ཏོག་དབྱིབས་སྔོན་འགོག་ཆེད་ཐེམ་སྤང་གིས་བོད་མི་ཞོར་ལས་པ་ཚོར། འགྲོ་འདུག་དང་ཟས་གོས་གནས་མལ་གྱི་དཀའ་ངལ་འཕྲད་བཞིན་པ།

2022.05.06
རྒྱ་ནག་ཧྲང་ཧེ་རུ་ཏོག་དབྱིབས་སྔོན་འགོག་ཆེད་ཐེམ་སྤང་གིས་བོད་མི་ཞོར་ལས་པ་ཚོར། འགྲོ་འདུག་དང་ཟས་གོས་གནས་མལ་གྱི་དཀའ་ངལ་འཕྲད་བཞིན་པ། གྲོང་ཁྱེར་གྱི་ས་ཁུལ་ཁག་ཆེད་བགོས་ཀྱིས་གྲོང་མི་ཚོར་བདུན་ཕྲག་རེ་ཡི་ནང་ཏོག་དབྱིབས་རིམས་ནད་བརྟག་དཔྱད་ཐེངས་༣རེ་བྱེད་བཞིན་ཡོད་པ།
Reuters

འདས་པའི་ཕྱི་ཟླ་༤པའི་ཟླ་མགོ་ཙམ་ནས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་བཞིན་ཡོད་པ་བཞིན། གྲོང་ཁྱེར་ཡོངས་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་བོད་མི་ཞོར་ལས་བྱེད་མཁན་ཚོ་འགྲོ་སྐྱོད་གང་ཡང་བྱེད་མི་ཐུབ་པའི་གནས་སྟངས་འོག་ཟ་མ་མི་རག་པ་དང་། ལས་གཉེར་བྱེད་ས་ཁག་གིས་སྒོ་བརྒྱབ་པས་བོད་མི་ལས་གཉེར་བ་ཚོར་གཏན་ཆགས་ཀྱི་སྡོད་གནས་མེད་པས་དཀའ་ངལ་དང་། ལས་གཉེར་བྱེད་ས་ཁག་ཅིག་ནས་བོད་མི་ཚོ་ཕྱིར་ཕུད་བཏང་བའི་གནས་སྟངས་བྱུང་སྟེ་བོད་མི་མང་པོས་ཁང་པ་ཆེན་པོ་གཅིག་གླས་ཏེ་མཉམ་སྡོད་བྱེད་དགོས་བྱུང་གི་ཡོད་པ། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གནས་སྡོད་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱིར་དེང་སང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཞོར་ལས་རིགས་ལ་གླ་ཆ་གང་འཚམས་ཡག་པོ་བྱུང་གི་ཡོད་སྟབས། བོད་ཀྱི་ས་ཁུལ་གང་ས་ནས་བོད་མི་མང་པོ་གྲོང་ཁྱེར་ཁག་ཏུ་ཞོར་ལས་ཆེད་འགྲོ་རྒྱུ་ཇེ་མང་ཆགས་ཀྱི་ཡོད་པ་དང་། དགུན་ཁའི་ཟླ་བ་༢ནས་༦་ཙམ་རིང་ཞོར་ལས་བྱས་པ་ཡིན་ན་ལོ་རེར་ཡོངས་འབབ་རྒྱ་སྒོར་ཁྲི་༥ནས་༦་བར་བསགས་ཐུབ་ཀྱི་ཡོད་འདུག་ལ། གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཐེངས་འདིར་ཧྲང་ཧེ་གྲོང་ཁྱེར་ཚང་མ་སྒོ་བརྒྱ་བསྡམས་པས་ཕར་འགྲོ་ཚུར་འགྲོ་གང་ཡང་བྱེད་བཅུག་གི་མེད་སྟབས། བོད་མི་ཚོ་ཕ་ཡུལ་དུ་ལོག་མི་ཐུབ་པ་དང་། ཡུན་རིང་སྒོ་བརྒྱ་བསྡམས་པས་བོད་མི་ཚོར་དངུལ་ཀྱི་ཡོངས་ཁུངས་སོགས་མེད་པས། ཕྱིར་ཕ་ཡུལ་དུ་གསང་སྟབས་ཀྱིས་ལོག་པར་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་དང་ཉེས་ཆད་བཅད་པ་སོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་དང་བསྟུན་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྩ་མེད་ཅེས་པའི་ལས་འགུལ་འོག། ཞོར་ལས་པ་ས་ཡ་མང་པོ་ལས་མེད་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༤པའི་ཟླ་མཇུག་ཙམ་ལ་ཧྲང་ཧེ་གྲོང་ཁྱེར་ནས་ཕྱིར་བོད་རྔ་བ་མཛོད་དགེ་སོགས་སུ་ལོག་མཁན་རེ་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། འཛིན་བཟུང་རྗེས་ཏོག་དབྱིབས་རིམས་ནད་བརྟག་དཔྱད་བྱས་ཏེ་ན་ཚ་མེད་ན་ཡང་། ཁྲིམས་འགལ་ཡིན་སྐོར་བརྗོད་ནས་བཀག་ཉར་དང་ཉེས་ཆད་བཅད་ཡོད་པ་དང་། སྤྱིར་ཧྲང་ཧེ་གྲོང་ཁྱེར་ལྟ་བུར་མཚོན་ན་བོད་མི་གཅིག་པུ་ཙམ་མ་ཡིན་པར་ལས་གཉེར་མང་པོ་དཀའ་ངལ་གཅིག་མཚུངས་ཀྱིས་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་གནས་སྟངས་ཅུང་ཙམ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཀྱང་། སྔར་བཞིན་དམ་དྲག་ཆེན་པོ་ཡིན་པ་མ་ཟད། གྲོང་ཁྱེར་གྱི་ས་ཁུལ་ཁག་ཆེད་བགོས་ཀྱིས་གྲོང་མི་ཚོར་བདུན་ཕྲག་རེ་ཡི་ནང་ཏོག་དབྱིབས་རིམས་ནད་བརྟག་དཔྱད་ཐེངས་༣རེ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལ་མི་གཅིག་ཐོན་མི་ཆོག་པ་བྱས་ཡོད་སྟབས་ཟ་མ་མེད་པའི་དཀའ་ངལ་འོག་གྲོང་ཁྱེར་ནང་དུ་ཉེན་རྟོག་པ་མི་མང་དབར་ཟིང་འཁྲུག་ལངས་བ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎