གཞོན་སྐྱེས་རྣམས་ནས་བོད་དོན་འཐབ་རྩོད་ཁྲོད་འཛུལ་ཞུགས་ཙམ་མིན་པར་འགོ་ཁྲིད་གནང་དགོས་གལ་ཆེ་བ་ཡིན་ཞེས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་འཆི་མེད་ལྷ་མོ་ལགས་ཀྱིས་གསུངས་པ།
ཟླ་ ༡༠ ཚེས་ ༡༩ ནས་ ༢༦ བཅས་ཉིན་ ༨ རིང་བཞུགས་སྒར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ཚོགས་པའི་ལས་འགུལ་བ་མང་དག་ཅིག་ལ་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གནང་ཡོད་པ་དང་། ཟབ་སྦྱོང་དེ་བཞིན་གོ་སྒྲིག་ཞུས་དགོས་དོན་ནི། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་པའི་གཞོན་སྐྱེས་རྣམས་ལ་རྒྱལ་སྤྱིའི་ཁྲོད་འཚེ་བ་མེད་ཅིང་དུས་དང་འཚམ་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། གཞོན་སྐྱེས་ཚོར་བོད་པའི་འཐབ་རྩོད་ཁྲོད་འཛུལ་ཞུགས་ཙམ་དུ་མ་ཡིན་པར་འགོ་ཁྲིད་གནང་ཕྱོགས་ཐད་ཆ་རྐྱེན་ག་རེ་དགོས་མིན་གྱི་གོ་རྟོགས་སྤེལ་ཆེད་དུ་ཡིན་ཞེས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་འཆི་མེད་ལྷ་མོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གྲུབ་མཚམས་སུ། འདི་ཚེས་ ༢༨ ཉིན་ཚོགས་མི་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པ་སངས་ལགས་ནས་༸གོང་ས་མཆོག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་འཚེ་མེད་ཞི་བའི་ཐབས་ལམ་ལག་ལེན་གྱིས་རྒྱལ་སྤྱིའི་ཁྲོད་བོད་དོན་ལས་གུལ་སྤེལ་བཞིན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་དང་། ༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས་སློབ་ཕྲུག་རྣམས་ལ་བོད་དོན་ཐད་དེ་བས་ཕྱག་ལས་གནང་རྒྱུའི་སྟོབས་ཤུགས་བསྐྲུན་ཡོད་པ་འཆི་མེད་ལྷ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག་ལ། ཁོང་གིས་མུ་མཐུད། ད་བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་བོད་པའི་གཞོན་སྐྱེས་མང་དག་ཅིག་ལ་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་སྣ་མང་ཞིག་སྤེལ་ཡོད་པས། ལས་འགུལ་གང་འདྲ་ཞིག་སྤེལ་རུང་འཚེ་མེད་ཞི་བའི་སྒོ་ནས་སྤེལ་ན་ནུས་པ་གང་ལེགས་ཐོན་རྒྱུ་ཡིན་པ་ནི་བོད་པའི་བཟང་སྤྱོད་ཙམ་མ་ཡིན་པར་ཚན་རིག་པས་ཉམས་ཞིབ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་ཡིན་པས། དེ་ལྟར་བྱས་ཚེ་བོད་དོན་ཐད་མ་འོངས་གྲུབ་འབྲས་བཟང་པོ་ཞིག་ཐོབ་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་ད་ལྟའི་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་རྒྱལ་ཁབ་མི་འདྲ་བ་ ༨༠ ཙམ་ནས་ཚོགས་མི་ཁྲི་གསུམ་ལྷག་ཙམ་ཞིག་ཡོད་པ་དང་། ཐེངས་འདིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དེའི་ནང་རྒྱ་གར་རྒྱལ་ས་ལྡི་ལི་དང་། མོན་རྟ་དབང་། ལ་དྭགས། ཧྥ་རན་སི། རྒྱ་གར་ལྷོ་ཕྱོགས་མེང་ལོར། ཨི་ཊ་ན་གྷར་དང་། དེ་མིན་གྱི་དྭང་བླངས་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།