རྒྱ་ནག་སྲིད་འཛིན་མཇལ་དུས་བྱང་ཀོ་རི་ཡར་གནོན་ཤུགས་རེ་བ།
2011.01.17
༄༅༎ཨ་མི་རི་ཀ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་ཆེས་མཐོའི་ལྷན་འཛོམས་གནང་རྒྱུ་ཡིན་པ་དེའི་ཐོག་ནས་བྱང་ཀོ་རི་ཡའི་ཐོག་གནོན་ཤུགས་གནང་བའི་རེ་བ་སྐྱོན་ནས་དེ་རིང་ལྷོ་ཀོ་རི་ཡས་ཀོ་རི་ཡ་ཕྱེད་གླིང་ནང་གི་དཀའ་རྙོག་དེ་སེལ་ཐབས་སུ་ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྲོས་མོལ་བྱ་འདོད་ཡོད་ཚེ་བྱང་ཀོ་རི་ཡའི་གཞུང་གིས་བསམ་བློའི་འཁྱེར་སོ་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་ཀྱི་རེད་ཅེས་བརྗོད་འདུག།
རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་རྣམ་གཉིས་དབར་ལྷན་འཛོམས་གནང་བའི་སྐབས་ བྱང་ཀོ་རི་ཡའི་གནད་དོན་སེལ་ཐབས་སུ་རྒྱལ་ཁབ་དྲུག་གི་ལྷན་ཚོགས་དེ་བསྐྱར་དུ་འགོ་འཛུགས་ཐུབ་རྒྱུར་རྒྱ་ནག་གིས་གནོན་ཤུགས་སྤྲོད་དགོས་རྒྱུའི་སྐོར་བཀའ་མོལ་གནང་རྒྱུ་གཏན་འཁེལ་ཡིན་པ་བཞིན། དེ་རིང་ལྷོ་ཀོ་རི་ཡའི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀིམ་ཡང་སུན་ཡིས་གསར་འགོད་ལྷན་ཚོགས་ཐོག། ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ་དང་རྒྱལ་ཁབ་དྲུག་གི་ལྷན་ཚོགས་བརྒྱུད་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་མཚམས་འཇོག་བྱ་རྒྱུའི་ལས་དོན་དོན་འཁྱོལ་ཡོང་ཐབས་སུ་ བྱང་ཀོ་རི་ཡའི་ངོས་ནས་བསམ་བློ་སྟངས་བཏང་ལ་འགྱུར་བ་གཏོང་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོ་ཡིས་ཨ་རིའི་ནང་གཞུང་འབྲེལ་ལྟ་སྐོར་སྐབས་བྱང་ཀོ་རི་ཡའི་བསམ་བློའི་འཁྱེར་གསོར་འགྱུར་བ་གཏོང་རྒྱུའི་གནད་དོན་སྐོར་གྲོས་མོལ་གཙོ་བོ་གནང་བའི་རེ་བ་ཡོད་ཅེས་ལྷོ་ཀོ་རི་ཡའི་མགྲིན་ཚབ་པས་འགྲེལ་བརྗོད་གནང་འདུག།