༄༅༎རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་མཐོ་གྲས་བོད་རིགས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལ་ནོར་འཁུལ་ཤོར་ཡོད་པ་དང་བོད་ནང་ཁ་བྲལ་གསུམ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་མངོན་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་པ་རེད་།།
ཉེ་ལམ་ཕྱི་ཟླ་༡༢་ཚེས་༡༩ཉིན་ཟི་ཁྲོན་ཞིང་ཆེན་གྱི་ཌེན་ཐུ་གྲོང་ཁྱེར་ནང་ཡངས་གླིང་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་འོག་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་༦པ་དེ་ཚོགས་ཡོད་པ་དང་ཚོགས་འདུ་དེའི་ཐོག་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་ནས་མི་རིགས་དང་ཆོས་ལུགས་ལས་དོན་གྱི་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད་ ཁོང་གིས་གསུང་བཤད་ནང་༡༩༧༩དང་༡༩༨༩ལོ་༢༠༠༩བཅས་སུ་ཟི་ཁྲོན་ཁོངས་གཏོགས་སུ་བོད་རིགས་ས་ཁུལ་ཁག་ནང་ངོ་ལོག་ཟིང་འཁྲུགས་བསླངས་པའི་གནས་ཚུལ་ཐོན་ཡོད་ནའང་ཁོང་རང་ཉིད་ནས་ཞིབ་འཇུག་གནང་སྐབས་ས་གནས་དེ་ཚོའི་ནང་བོད་མི་ཚོས་ངོ་རྒོལ་ཟིང་འཁྲུགས་བསླངས་བའི་གནས་ཚུལ་དངོས་བདེན་མིན་པ་ར་སྤྲོད་ཐུབ་པ་མ་ཟད་གནས་ཚུལ་དེ་དག་ས་གནས་ཀྱི་དཔོན་རིགས་འགའ་ཤས་ཀྱིས་སྒེར་གྱི་ཁེ་ཕན་ལ་དམིགས་ཏེ་རྗུན་གཏམ་སྤེལ་བའི་གནས་ཚུལ་ཡིན་པར་སྐྱོན་བརྗོད་གནང་འདུག་ལ་ དེ་བཞིན་རིག་གནས་གསར་བརྗེ་ཆེན་མོའི་སྐབས་བོད་ནང་གསབ་ཐབས་མེད་པའི་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་བའི་གནས་ཚུལ་ཡང་དྲན་སྐུལ་གནང་བཞག གོང་གསལ་བོད་རིག་པའི་ཚོགས་ཆེན་དེའི་ཐོག་བོད་ཀྱི་ས་ཁུལ་གང་ས་ནས་བོད་རིགས་མཁས་དབང་དང་ཉམས་ཞིབ་པ་མི་གྲངས་༡༢༠ལྷན་ཞུགས་གནང་ཡོད་པ་རེད་ ཡངས་གླིང་རྡོ་རྗེ་ལགས་ནི་ ཁམས་འབའ་ཐང་ནས་ཡིན་ཞིང་དགུངས་གྲངས་༡༨སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཆགས་ཡོད་པ་དང་༡༩༨༠ནང་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་གྲས་སུ་འགན་འཁུར་བཞེས་ཡོད་པ་རེད་༎