༄༅། །ད་རིང་ཚེས་༣༡ཉིན་རོཡ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟི་ཁྲོན་ཞིང་ཆེན་རྔ་པ་རང་སྐྱོང་ཁུལ་གྱི་ འབྲིང་རིམ་མི་མང་ཁྲིམས་ཁང་ནས་མདོ་སྨད་རྔ་པ་ནས་ཡིན་པའི་རང་ལོ་༤༠ལོན་པ་བློ་བཟང་དཀོན་མཆོག་ལགས་དང་། ཁོང་གི་ཚ་བོ་རང་ལོ་༣༡ལོན་པ་བློ་བཟང་ཚེ་རིང་ལགས་རྣམ་གཉིས་ཀྱིས་ས་གནས་ཀྱི་བོད་མི་བརྒྱད་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་དང་བཀོད་བྱུས་བྱས་སྟེ། མི་གསུམ་འདས་གྲོངས་སུ་འགྱུར་དུ་བཅུག་ཡོད་པའི་ནག་ཉེས་འོག སྲོག་ཐོག་དང་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཁྲིམས་བཅད་དེའི་ནང་བློ་བཟང་དཀོན་མཆོག་ལགས་སུ་ལོ་གཉིས་དུས་འགྱངས་སྲོག་ཐོག་གི་ཉེས་ཆས་དང་། བློ་བཟང་ཚེ་རིང་ལགས་སུ་ལོ་བཅུ་བཙོན་དུས་ཀྱི་ཉེས་ཆས་ཕོག་ཡོད་འདུག ཁོང་རྣམ་གཉིས་སྔ་ལོ་ཕྱི་ཟླ་༨པའི་ནང་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། དེ་ནས་ཕྱི་ཟླ་༡༢པའི་ནང་ཁོང་གཉིས་ནས་ཕྱི་སྡོད་བོད་མིའི་བཀོད་བྱུས་འོག རྔ་པ་ཁུལ་དུ་རང་ལུས་མེར་སྲེག་གི་ལས་འགུལ་བརྒྱུད་སྐུལ་བྱས་པས་མ་ཟད། ལག་འཁྱེར་ཁ་པར་བརྒྱུད་ བོད་ནང་ རང་ལུས་མེར་སྲེག་གི་འདྲ་པར་དང་གནས་ཚུལ་བཅས་ཕྱི་ཕྱོགས་སུ་བོད་རང་བཙན་ཚོགས་པ་ཁག་ལ་མཁོ་སྤྲོད་བྱས་པ་སོགས་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད། ད་རེས་བློ་བཟང་དཀོན་མཆོག་ལགས་དང་བློ་བཟང་ཚེ་རིང་ལགས་གཉིས་སུ་ཉེས་ཆད་ཀྱི་ཁྲིམས་ཐག་བཅད་པ་དེ་བོད་ནང་རང་ལུས་མེར་སྲེག་དང་འབྲེལ་བའི་ཉེས་བཙུགས་འོག་ཁྲིམས་ཐག་བཅད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག །