བོད་ནང་རང་ལུས་མེར་བསྲེགས་མཁན་ཉུང་དུ་འགྲོ་བཞིན་པ།
2015.12.22
རྒྱ་ནག་གཞུང་གིས་སྡུག་སྦྱོང་འཇིགས་སྐུལ་བྱས་སྟབས་བོད་ནང་སྐུ་ལུས་མེར་བསྲེགས་གཏོང་མཁན་ཉུང་དུ་འགྲོ་གི་ཡོད་པའི་གནས་ཚུལ་སྤེལ་འདུག
དེ་ཡང་ཧྥ་རན་སིའི་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཁྱོན་ཡོངས་སུ་ད་བར་རང་ལུས་མེར་བསྲེགས་བཏང་བའི་ལམ་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྱི་གྲངས་ཚད་བརྒྱ་དང་བཞི་བཅུ་ཞེ་གྲངས་ཤིག་བྱུང་ཡོད་པའི་ཁོངས་ནས་མང་ཆེ་བ་ཨ་མདོ་རྔ་པ་ཁུལ་ནས་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ནང་མི་ཉེ་འབྲེལ་ཚོར་སྐུལ་སློང་བཏང་ཡོད་ལུགས་ཀྱི་ཉེས་འཛུགས་ཕོག་པ་དང་མཉམ་སྡུག་སྦྱོང་མནར་གཅོད་བཏང་ནས་འཇིགས་སྐུལ་བྱེད་བཞིན་ཡོད་སྟབས། ཉེ་ཆར་ནས་བཟུང་རང་ལུས་མེར་སྲེགས་གཏོང་མཁན་གྱི་གྲངས་ཚད་ཉུང་དུ་འགྲོ་གི་ཡོད་ལུགས་བཀོད་འདུག
ཡང་གོང་ཞུས་གསར་འགྱུར་ལས་ཁང་ནས་རྔ་པ་ཁུལ་གྱི་བོད་མི་ཁག་ཅིག་ལ་འདྲི་རྩད་བྱས་པའི་གནད་དོན་ཁག་ཅིག་བཀོད་པའི་ནང་། ལོ་ན་ཉི་ཤུ་རྩ་གཅིག་ཡིན་པའི་དགེ་འདུན་པ་ཞིག་གིས། ད་ཆ་ང་ཚོ་རང་ལུས་མེར་སྲེག་མ་བཏང་བར་ངོ་རྒོལ་བྱས་པ་ཙམ་གྱིས་རྒྱ་ནག་གཞུང་ནས་ང་ཚོ་འཛིན་བཟུང་དོ་དམ་གྱིས་གར་སོང་ཆ་མེད་བཟོས་ནས་གང་ལྟར་ཤི་བ་དང་ཁྱད་མེད་པ་ཆགས་ཀྱི་ཡོད་རེད། ང་ཚོས་འདྲ་མཉམ་གྱི་ཐོབ་ཐང་དགོས་ཟེར་ནས་ལས་འགུལ་སྤེལ་གྱི་ཡོད་རེད། ཡིན་ནའང་རྒྱ་ནག་གཞུང་ནས་ང་ཚོ་ནག་ཉེས་ཚབས་ཆེ་ཞིག་ལ་ངོས་འཛིན་བྱས་ནས་སྡུག་སྦྱོང་གཏོང་གི་ཡོད་རེད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་དགེ་འདུན་པ་ལོ་ན་བཅུ་གཅིག་ཡིན་པ་ཞིག་གིས་དབྱིན་ཇིའི་སྐད་ཐོག ང་ཚོ་བོད་ནས་ཡིན་མ་གཏོགས་ང་ཚོ་རྒྱ་ནག་ནས་མིན་ཟེར་བ་སོགས་ཀྱི་ལམ་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག་པ་བཅས་གང་ལྟར་གསར་འགོད་པས་རྒྱ་ནག་གཞུང་ནས་བོད་མི་སྐུ་ལུས་མེར་བསྲེགས་བཏང་མཁན་ཚོའི་ཕ་མ་སྤུན་ཉེ་ཚོར་བསུན་གཙེར་དང་། སྡུག་སྦྱོང་བཏང་བའི་འོག་ནས་ད་ཆ་བོད་ནང་རང་ལུས་མེར་བསྲེགས་ལྟ་བུའི་ངོ་རྒོལ་སྤེལ་མཁན་ཇེ་ཉུང་དུ་ཕྱིན་ནས་མི་སྒེར་པ་ཁག་གིས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བཞིན་ཡོད་པ་ནི་ཉེ་ཆར་ལོ་ན་ཉི་ཤུ་ཡིན་པའི་དགེ་འདུན་པ་ཨ་གྲགས་ཞུ་བ་ཞིག་ནས། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག་ཟེར་བའི་སྐད་འབོད་རྒྱབ་བཞིན་ངོ་རྒོལ་བྱས་སྟབས། རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ཆ་གར་ཡོད་ཤེས་རྟོག་མེད་པ་རེད་ཅེས་བཀོད་འདུག
སྤྱི་ལོ༢༠༡༥ལོའི་ཟླ་༡༢བའི་ཚེས་༡༧ཉིན་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བོད་མི་བཀྲ་ཤིས་དོན་འགྲུབ་ཞུ་བ་ཞིག་གིས་ལུས་ལ་བོད་ཆས་གྱོན་ཞིང་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་པ་དང་། ལག་གཉིས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གོམ་བགྲོད་བྱས་རྗེས་འཇུ་བཟུང་བྱས་འདུག
འོན་ཀྱང་རྒྱ་ནག་གཞུང་ནས་ལས་འགུལ་འདི་རིགས་ཕྱི་ཕྱོགས་ནས་ཁ་བྲལ་རིང་ལུགས་ཀྱིས་རྒྱུད་སྐུལ་བྱས་པ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།