རྔ་བ་ཁུལ་དུ་བོད་མི་གཉིས་ནས་རང་ལུས་མེ་བསྲེག་བཏང་བ།
ཕྱི་ཚེས་༦ ཉིན་ཨ་མདོ་རྔ་བ་ཁུལ་དུ་རང་ལུས་མེ་བསྲེག་བཏང་མཁན་བོད་མི་གཉིས་ནས་མི་སྐྱ་དེ་འདས་གྲོངས་སུ་གྱུར་ཡོད་པ།
-
2012-01-07 -
-
-
༄༅༎༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ མིའི་ཚེ་སྲོག་རྩ་ཆེན་ཡིན་པའི་ཆ་ནས་བོད་ཕྱི་ནང་གཉིས་སུ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་བཀའ་སློབ་གནང་བ་བཞིན་དེའི་ཐད་བོད་མིའི་སྒྲིག་འཛུཌ་བཀའ་ཤག་ནས་བསྐྱར་ནན་གསུང་འདུག
ཁ་ས་ཕྱི་ལོ་༢༠༡༢་ལོའི་ཟླ་ ༡་ཚེས་༦་ཉིན་ཨ་མདོ་རྔ་པ་ཁུལ་དུ་སླར་ཡང་བོད་མི་གཉིས་ཀྱིས་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེག་བཏང་སྟེ་མི་སྐྱ་དེ་འདས་གྲོངས་སུ་གྱུར་འདུག ད་ལྟའི་ཆར་བོད་མི་དེ་གཉིས་ཀྱི་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་བྱུང་མེད་པ་རེད། འདས་པའི་ཟླ་བཅུ་གཉིས་ནང་བོད་མི་བཅུ་བཞིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། སྤྱི་ལོ་༢༠༠༨་ལོར་བོད་ནང་ཞི་བའི་ངོ་རྒོལ་དང་ བཙན་བྱོལ་ནང་མ་འཆི་བར་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བར་བརྟེན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ནང་པ་ཞིག་ཡིན་པ་དང་། མིའི་ཚེ་སྲོག་རྩ་ཆེན་ཡིན་པའི་ཆ་ནས་བོད་ཕྱི་ནང་གཉིས་སུ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་བཀའ་སློབ་གནང་ཡོད་པར བརྟེན་བཙན་བྱོལ་བོད་ཀྱི་བཀའ་ཤག་ནས་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཇི་ཕེབས་བཞིན་བསྐྱར་ནན་ཞུ་བཞིན་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་གི་བོད་མི་ཚོས་ངོ་རྒོལ་བྱེད་རྒྱུའི་བརྒྱུད་སྐུལ་རིགས་ནམ་ཡང་བྱེད་ཀྱི་མེད་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་བྱུང་བ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཆེན་པོའི་བྱས་འབྲས་ཤིག་ཡིན་པར་བརྟེན། དེའི་འགན་ཡོངས་རྫོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཁོ་ནས་འཁུར་དགོས་པ་ཞིག་ཡིན། སླར་ཡང་གནས་ཚུལ་དེའི་རིགས་མི་ཡོང་བའི་ཆེད་རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་འཕྲལ་དུ་གུ་ཡང་གི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག།