བོད་མི་སྤུན་གཉིས་ཀྱིས་རང་ལུས་མེ་སྲེག་བཏང་ཡོད་པ།

བོད་རང་སྐྱོང་ལྗོངས་ཁོངས་ནས་བོད་མི་སྤུན་གཉིས་ཀྱིས་དུས་གཅིག་ཏུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་པ།

༅༎བོད་རང་སྐྱོང་ལྗོངས་ཁོངས་ནས་བོད་མི་སྤུན་གཉིས་ཀྱིས་དུས་གཅིག་ཏུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།
ཕྱི་ཟླ་༡༠ ཚེས་༢༥ ཉིན་བོད་རང་སྐྱོང་ལྗོངས་ཁོངས། ནག་ཆུལ་ས་ཁུལ། འབྲི་རུ་རྫོང་། ནག་རོག་ཕམ་པ་གྲོང་ཚོའི་རང་ལོ་༢༠ཡིན་པའི་བུ་ཚེ་སྤོ། ཡང་རང་ལོ་༢༥ ཡིན་པའི་བསྟན་འཛིན་གཉིས་ནས་ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང༌། དེའི་ནང་ནས་ཚེ་སྤོ་འདས་གྲོངས་སུ་གྱུར་ཟིན་ཀྱང་། བསྟན་འཛིན་གྱིས་གནས་སྟངས་ཤེས་རྟོགས་མེད་པ་ཡིན་འདུག   
སྤྱི་ཚེས་༢༧་ཉིན། རྒྱ་གར་ནང་ཡོད་པའི་སྦྲ་སོག་འབྲི་གསུམ་སྐྱིད་སྡུག་ཚོགས་པ་ནས། ཁོང་གཉིས་ཀྱི་ཆེད་རྡ་ས་ཐེག་ཆེན་ཆོས་གླིང་གཙུགས་ལག་ཁང་དུ་སྨོན་ལམ་མཆོད་འབུལ་འཚོགས་པ་དང་། དགོང་མོ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་འདུག། འབྲི་རུ་རྫོང་ནི་ད་ལོའི་ལོ་སྟོད་ནས་བཟུང་བོད་རང་སྐྱོང་ལྗོངས་ཁོངས་ནས་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་དང་། ཉེ་བའི་ཆར་ཁོང་གཉིས་དང་དགུ་འགྲུབ་བཅས་འབྲི་རུ་རྫོང་གི་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། འདས་པའི་གཟའ་འཁོར་གཅིག་ཙམ་ནང་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་ལུས་མེར་སྲེག་བཏང་མཁན་བདུན་བྱུང་བ་ནས། ཆེས་ཉེ་བའི་ཕྱི་ཚེས་༢༦་ཉིན་མདོ་སྨད་ཀན་ལྷོ་ཁུལ། བསང་ཆུ་རྫོང་གི་ ཨ་མཆོག་ནས་ལྷ་མོ་ཚེ་བརྟན་དང༌། བསང་ཁོག་ནས་ཚེ་དཔག་སྐྱབས་གཉིས་ཀྱི་སྔ་རྗེས་སུ་སྐུ་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་སོང་ཡོད་པ་རེད།
བོད་ནང་ནས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་ཐབས་ལམ་གཞན་མེད་སྟབས། རང་ལུས་མེ་སྲེག་གཏོང་ནས་ངོ་རྒོལ་བྱེད་མཁན་ད་བར་ཁ་གསལ་ཤེས་རྟོགས་བྱུང་བ་༦༢་དང་། དེའི་ནང་ནས་འདས་གྲོངས་སོང་བ་༥༡་ཆགས་ཡོད་པ་རེད། ལྷག་པར་༢༠༡༢་ལོར་འདིར་ཟླ་བ་ངོ་རེ་བཞིན་རང་སྲེག་གི་གནས་ཚུལ་བར་མ་ཆད་པ་ཐོན་ཡོད་པ་དང༌། དེའི་ནང་ནས་ད་ལོའི་སྤྱི་༣་པའི་ནང་མི་བཅུ་ཡིས་རང་ལུས་མེ་སྲེག་གཏོང་བ་ནས། ད་རེས་ཟླ་བཅུ་པ་འདི་ནང་མི་བཅུ་ཡིས་རང་ལུས་མེ་སྲེག་གཏོང་བ་གཉིས་པོ་ཟླ་བ་གཅིག་ནང་གི་རང་སྲེག་གི་དོན་རྐྱེན་མང་ཤོས་ཆགས་ཡོད་པ་རེད།།




2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org