༧གོང་ས་མཆོག་གི་དགོངས་གཞི་ལྟར་རྒྱ་གར་ཧི་མ་ལ་ཅལ་མངའ་སྡེའི་སློབ་གྲྭ་ཁག༦༠ནང་། རིང་མིན་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གྱི་ཆོད་ཡིག་བཞག་ཡོད་པ།

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པའི་འཆར་སྣང་གཞིར་བཟུང་། ཨ་མི་རི་ཀའི་ཨེ་མོ་རིའི་གཙུག་ལག་སློབ་ཆེན་གྱི་དགེ་བཤེས་བློ་བཟང་བསྟན་འཛིན་ནི་གི་སོགས་ནས་བསྒྲིགས་རྩོམ་གནང་བ།སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་དང་འབྲེལ་བའི་སཱི་ཤེས་ཡོན་སློབ་གསོའི་ལམ་ལུགས་དེ་བཞིན། འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ལག་བསྟར་གནང་བཞིན་པ་ལྟར། རིང་མིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གིའང་སློབ་གྲྭ་ཁག་དྲུག་ཅུའི་ནང་ལག་བསྟར་གནང་རྒྱུ་ཡིན་པ། བཞུགས་སྒར་དུ་ཕྱི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་ཧི་མ་ཅལ་མངའ་སྡེའི་ཤེས་རིག་ལས་ཁུངས་དང་རྒྱ་གར་ (Piramal) ཐེབས་རྩ་ཁང་གཉིས་ཀྱི་དབར་ཆོད་ཡིག་ཅིག་བཞག་སོང་ལ། སྐབས་དེར་ཆོད་ཡིག་ལ་མཚན་རྟགས་བཀོད་པར་ཕེབས་མཁན་ཧི་མ་ཅལ་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ (Rakesh Kanwar) ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་ཚེ་བརྟན་བསམ་འགྲུབ་ལགས།ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་དགེ་བཤེས་བློ་བཟང་བསྟན་འཛིན་ནི་གི་ལགས་བཅས་ཕེབས་ཡོད་པའི་སར། ཧི་མ་ཅལ་མངའ་སྡེའི་ཤེས་རིག་དྲུང་ཆེ་སྐུ་ཞབས་ (Rakesh Kanwar) ལགས་ནས།སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གྱིས་འབྱུང་འགྱུར་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་། ཕྲུ་གུ་ལོ་ཆུང་ཚོ་གཙོས་པའི་སྤྱི་ཚོགས་སྤྱི་ཡོངས་འགྲོ་བ་མི་བཟང་པོ་ཞེ་གཅིག་ཡོང་རྒྱུའི་རེ་བ་གནང་གི་ཡོད་པ་གསལ་སྟོན་གནང་གི་འདུག

སཱིཤེས་ཡོན་སློབ་གསོའི་ཐབས་ལམ་ནང་གི་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་ལྡན་པའི་འགྲོ་བ་མི་བཟང་པོ་ཞིག་ཡོང་ཐབས་དང་ཕན་ཚུན་འབྲེལ་བ་འཛིན་སྟངས། མཉམ་རུབ་དང་གསར་གཏོད་ཀྱི་བསམ་བློ་འཁོར་སྟངས། དགག་ཕྱོགས་ནས་བསམ་བློ་འཁོར་བའི་ཐབས་ཚུལ་སོགས་ཚང་མ་འགྲོ་བ་མིའི་གཞི་རྩའི་གོ་རྟོགས་ཀྱི་སྟེང་ནས་ཡོང་གི་ཡོད་པས། འདི་ནི་བཟང་སྤྱོད་ཀྱི་རིན་ཐང་བསླབ་བསྡད་པ་ཙམ་མིན་པར། སློབ་ཕྲུག་དང་དགེ་རྒན། ཕ་མ་དང་སྤྱི་ཚོགས་བཅས་ཆ་ཚང་ལ་ཚད་ལྡན་གྱི་སྒྲོམ་གཞི་ཡོད་པའི་ལས་འཆར་ཅིག་བརྒྱུད་ཕན་ཐོགས་འབྱུང་གི་ཡོད་སྟབས། ང་ཚོ་ཚང་མ་འགྲོ་བ་མི་བཟང་པོ་ཞེ་གཅིག་ཏུ་འགྱུར་རྒྱུར་ཕན་ཐོགས་ཡོང་ངེས་གཏན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནས། ཧི་མ་ཅལ་མངའ་སྡེ་ནི་༧གོང་ས་མཆོག་གི་བཞུགས་གནས་ཡིན་པས།སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་འཆར་ནི་མགོན་པོ་གང་ཉིད་ཀྱིས་མངའ་སྡེ་འདི་ལ་ཕུལ་བའི་གསོལ་རས་ཡག་ཤོས་ཤིག་ཡིན་པ་སོགས་ཀྱིས། ཨེ་མོ་གཙུག་ལག་སློབ་ཆེན་གྱི་ངོས་ནས་ཧ་ཅང་དགའ་སྤྲོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་གྱི་ (Piramal) ཐེབས་རྩ་ཁང་གི་འགན་འཛིན་ (Ajay Piramal) ལགས་ནས་ཀྱང་། ཁོང་ཚོས་༧གོང་ས་མཆོག་གི་དགོངས་པའི་སཱི་ཤེས་ཡོན་སློབ་གསོའི་མཁྱེན་ཡོན་དེ། ཧི་མ་ཅལ་མངའ་སྡེའི་གྲོང་གསེབ་ཡོངས་ལ་ཁྱབ་ཐུབ་པ་གནང་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཆོད་ཡིག་འདིས་ཧི་མ་ཅལ་མངའ་སྡེ་གཞུང་ཙམ་མ་ཟད་དམིགས་བསལ་མངའ་སྡེ་འདིའི་ཕྲུ་གུ་ཚོས་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང། སྤྱི་ཚོགས་དང་སེམས་མྱོང་གི་བཟང་སྤྱོད་ཐོག་སློབ་སྦྱོང་གནང་ཐུབ་པར་ཆགས་པ་དེ་ཧ་ཅང་གལ་ཆེན་ཡིན་པ་དང་། ང་ཚོའི་ཐེབས་རྩའི་ངོས་ནས་ཐབས་ཤེས་ཡོད་ཚད་བཏོན་ཏེ་ཧི་མ་ཅལ་མངའ་སྡེའི་ནང་གི་དགེ་རྒན་ཀུན་ལ་སཱིཤེས་ཡོན་སློབ་གསོའི་བསླབ་གཞི་འཁྲིད་ཐབས་ཀྱི་སྦྱོང་བརྡར་སྤྲད་དེ། ༧གོང་ས་མཆོག་གི་མཁྱེན་ཡོན་ཧི་མ་ཅལ་མངའ་སྡེའི་གྲོང་གསེབ་ཐམས་ཅད་ལ་ཁྱབ་ཐུབ་པར་བྱ་ངེས་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་།
༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དམིགས་བསལ་ཆོས་དང་མ་འབྲེལ་བའི་སཱི་ཤེས་ཡོན་སློབ་གསོའི་ལམ་ལུགས་འདི་བཞིན། འཛམ་གླིང་གི་རྒྱལ་ཁབ་༧༧ནང་སློབ་གྲྭ་འབུམ་གཅིག་ལྷག་ཏུ་ལག་བསྟར་བྱེད་བཞིན་པ་དང་། ཧི་མ་ཅལ་མངའ་སྡེའི་ནང་ཐོག་མར་ཀང་ར་རྫོང་དང་ཧ་མེར་པུར་གྱི་ནང་སློབ་གྲྭ་ཁག་༦༠བརྒལ་བའི་ནང་ལག་བསྟར་གནང་འཆར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།