སཱི་ཤེས་ཡོན་སློབ་གསོ་ནི་ང་ཚོ་ལ་དགོས་གལ་ཆེ་བའི་བྱམས་བརྩེའི་བསླབ་བྱ་ཞིག་ཡིན། ཨ་ཇཡ་ པཱི་རཱ་མལ།

བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༥ཚེས་༢༢ནས་ཉིན་བཞིའི་རིང་། ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་མཉམ་རུབ་ཀྱི་ལམ་ནས། སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས། ཨ་མི་རི་ཀའི་ཨེ་མོ་རི་སློབ་ཆེན་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ལས་གཞི་འགྲོ་བཞིན་པ་དང་ཆབས་ཅིག རྒྱ་གར་ནང་གི་བཟོ་ཚོང་ཁང་གྲགས་ཅན་པཱི་རཱ་མལ་(Piramal)ཐེབས་རྩ་ཁང་གིས། རྒྱ་གར་ནང་༧གོང་ས་མཆོག་གི་དགོངས་པ་ལྟར་བཟོས་པའི་སཱི་ཤེས་ཡོན་སློབ་གསོའི་ལམ་ལུགས་དེ་བཞིན། སློབ་གྲྭ་ཁག་འབུམ་གཅིག་ལྷག་ལ་ངོ་སྤྲོད་གནང་ཐུབ་ཡོད་པ་མ་ཟད། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་གི་སློབ་གྲྭ་ཁག་ཏུའང་རིང་མིན་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་གཏན་འཁེལ་ཏེ། ཐེབས་རྩ་ཁང་དང་ཧི་མ་ཅལ་མངའ་སྡེ་གཞུང་གི་དབར་ཡིག་ཆ་བཞག་ནས་མཚན་རྟགས་ཀྱང་བཀོད་ཟིན་ཡོད་པར་བརྟེན། ཧི་མ་ཅལ་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་རཱ་ཇེ་ཤེ་ཤཱརྨ་(Rajesh Sharma)ལགས་ནས་རྒྱ་གར་ནང་བརླག་ཟིན་པའི་ཤེས་ཡོན་སློབ་གསོ་གལ་ཆེན་ཞིག་བསྐྱར་དུ་ཤེས་ཡོན་གྱི་སྡེ་ཚན་ནང་སླེབས་པ་ཧ་ཅང་གནད་འགག་ཆགས་སྐོར་འགྲེལ་བརྗོད་གནང་འདུག
རྒྱ་གར་ནང་གནའ་དུས་ནས་བཟང་སྤྱོད་དང་རིག་གཞུང་སྣ་ཚོགས་ཀྱི་ཤེས་ཡོན་ལམ་སྲོལ་དར་ཡོད་ནའང་། དབྱིན་ཇིའི་གཞུང་གིས་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ལ་བཅོས་སྒྱུར་གྱིས་ནུབ་ཕྱོགས་ཀྱི་ལམ་སྲོལ་དུ་བསྒྱུར་བ་ནས་བརླགས་ཡོད་པ་དང་། སྐབས་ཤིག་རིང་རྒྱ་གར་གྱི་ཤེས་ཡོན་ནང་ཡོད་པའི་ཡོན་ཏན་རྣམས་ད་ཆ་ང་ཚོས་བསྐྱར་གསོ་གནང་གི་ཡོད་པས། དེ་རིང་༧གོང་ས་མཆོག་ལ་མཇལ་ནས་བྱིན་རླབས་གནང་བ་དེས་ང་ཚོར་དོན་འབྲས་བཟང་པོ་སྨིན་པར་ཕན་ཐོགས་འབྱུང་རྒྱུ་དང་པཱི་རཱ་མལ་དང་ཨེ་མོ་རི་སློབ་ཆེན་གཉིས་ལའང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་ངོ་སྤྲོད་གནང་འདུག་ཅིང་། ཡང་པཱི་རཱ་མལ་བཟོ་ཚོང་ཐེབས་རྩ་ཁང་གི་སྤྱི་གཉེར་བ་Ajay Piramalལགས་ནས་ཀྱང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་འབྲེལ། སཱི་ཤེས་ཡོན་སློབ་གསོ་ནི་ང་ཚོ་ལ་དགོས་གལ་ཆེ་བའི་བྱམས་བརྩེའི་བསླབ་བྱ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ཁོང་གིས་སཱི་ཤེས་ཡོན་སློབ་གསོ་ནི་གནའ་རབས་རྒྱ་གར་གྱི་རིག་གཞུང་ལ་གཞིར་བཞག་པ་ཞིག་ཡིན་ནའང་། ང་ཚོས་དུས་ཡུན་རིང་མོར་གཏན་བརྗེད་དུ་གྱུར་བ་ཞིག་ཡིན་པ། ད་ལྟ་བསྐྱར་གསོ་གནང་སྟེ་བྱམས་བརྩེའི་བསླབ་བྱ་གཙོ་བོར་སྟོན་པ་དེ། ང་ཚོའི་སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་དུ་གནོན་ཤུགས་དང་སེམས་ངལ་ཆེ་བའི་དུས་འདིར་གལ་འགངས་ཆེན་པོ་ཆགས་ཡོད་པར་བརྟེན། ༧གོང་ས་མཆོག་དང་ཨེ་མོ་རི་སློབ་ཆེན། པཱི་རཱ་མལ་བཅས་མཉམ་རུབ་ཀྱིས་ལས་འཆར་འདི་འགྲོ་ཐུབ་པར་ཧ་ཅང་དགའ་སྤྲོ་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། ཨ་མི་རི་ཀའི་ཨེ་མོ་རི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་སཱི་ཤེས་ཡོན་གྱི་བསླབ་གཞིའི་ཐད་འགན་འཁུར་རྐང་བཞེས་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས་ཀྱང་། ཁོང་ཚོས་དེ་རིང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་མགོན་པོ་གང་ཉིད་ནས། ཆོས་ཁས་ལེན་དང་མི་ལེན་ཇི་ལྟར་ཡང་བྱམས་སྙིང་རྗེ་དང་སེམས་བཟང་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། སཱི་ཤེས་ཡོན་སློབ་གསོ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་མེད་ཐབས་མེད་པའི་བཀའ་སྩལ་པ་ངོ་སྤྲོད་གནང་ཡོད།
སཱི་ཤེས་ཡོན་སློབ་གསོའམ། སྤྱི་ཚོགས། སེམས་མྱོང་དང་། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་ནི། ༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་དམིགས་བསལ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་བརྟེན་པའི་བཟང་སྤྱོད་སྟོན་པའི་ཆེད་སྒྲིག་བསླབ་གཞི་ཞིག་ཡིན་པ་དང་། བསླབ་གཞི་དེ་ནི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་བརྗོད་གཞི་ཆ་བགོས་ཀྱིས་གྲུབ་ཡོད་ཅིང་། ད་རེས་བསླབ་གཞི་འདི་དང་འབྲེལ་བའི་མཛད་སྒོ་གྲུབ་མཚམས་༧གོང་ས་མཆོག་གི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་གདན་ས་ཁག་གི་དགེ་འདུན་པ་ཚོར་ཚན་རིག་ཟབ་སྦྱོང་ཉིན་གཉིས་གནང་རྒྱུ་དང་། ཡང་སྤྱི་ཚེས་༢༤དང་༢༥ཉི་མ་གཉིས་རིང་དགེ་འདུན་པ་དང་ཚན་རིག་པ་ཚོའི་དབར་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།