བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་དུ་འཚོགས་པ།

བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་གྱིས་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་གསུང་རབ་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དགོན་སྡེ་དང་རིག་གཞུང་སྡེ་ཁག་ལྔ་བཅུ་ང་བརྒྱད་ནས་བཏུས་ཏེ། དེང་རབས་འཕྲུལ་ཆས་ཀྱི་རམ་འདེགས་བརྒྱུད་གྲངས་མཛོད་དཔེ་མཛོད་ཁང་དུ་ཉར་ཚགས་ཀྱིས། བསྐལ་བ་མ་སྟོང་གི་བར་དུ་ཉར་ཐུབ་པ་དང་དོན་གཉེར་ཅན་ཚོར་འགྲེམས་སྤེལ་གནང་འཆར་ཡོད་པའི་ལས་གཞི་སྟེ། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཁང་གི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་མ་གཉིས་པ་དེ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གིས་ཟླ་ ༡ ཚེས་ ༡༥ ནས་ཉིན་གཉིས་རིང་བཞུགས་སྒར་དུ་འཚོག་བཞིན་པ་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས། བོད་མི་ཚོས་བཙན་བྱོལ་དུ་ཁྱེར་ཡོང་བའི་རྩ་ཆེའི་ཡིག་རྙིང་སོགས་ང་ཚོ་མི་རབས་འདིས་བདག་ཉར་འཐུས་ཚང་ཞིག་མ་ཐུབ་ན། ང་ཚོས་ལས་འགན་ཞིག་མ་འགྲུབ་པ་ཆགས་ཡོད་པས། ང་ཚོས་མ་འོངས་མི་རབས་ཚོར་ཡིག་ཆ་འདི་རིགས་རྩིས་སྤྲོད་གནང་རྒྱུ་གལ་ཆེན་ཡིན་པ་སོགས་ངོ་སྤྲོད་གནང་གི་འདུག
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། རྒྱ་གར་གྱི་ཝཱངྷི་ཝཱ་ནི་རིག་ནུས་ཐེབས་རྩ་ཁང་སོགས་མཉམ་རུབ་ཀྱིས་གནང་གི་ཡོད་པར། ཨ་མི་རི་ཀའི་ཪོགས་ཚོགས་ནས་མཐུན་རྐྱེན་སྦྱར་གནང་གི་ཡོད་པས་ཚོགས་ཆེན་དུ་ཆེད་ཕེབས་གནང་མཁན་ཨ་མི་རི་ཀའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་ལྕམ་རཱ་ངྷ་ར་ཎི་ལགས་ནས་ཀྱང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་གསར་སྐྲུན་འདིས་འབྱུང་འགྱུར་མི་རབས་ཀྱི་ཆེད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་ཡོང་བར་གལ་གནད་ཆགས་ཡོད་སྐོར་ངོ་སྤྲོད་གནང་གི་འདུག
བོད་མིའི་ཆོས་དང་རིག་གཞུང་གི་ངོ་བོ་ཉམས་ཆག་དང་ཉག་ཕྲ་བའི་དུས་འདིར། ཡུལ་ཕྱོགས་གང་སར་གནས་པའི་བོད་མི་དང་འཛམ་གླིང་སྤྱིར་རིན་ཐང་ཅན་གྱི་རིག་གཞུང་འདི་ཁྱབ་སྤེལ་གནང་རྒྱུ་ནི་གལ་འགངས་ཆེ་ཤོས་ཆགས་ཡོད་ཅིང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་གསར་སྐྲུན་འདིས་འབྱུང་འགྱུར་མི་རབས་ཀྱི་ཆེད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་ཡོང་བར་ཕན་ཐོགས་ཆེ་བ་དང་མཚུངས། ང་ཚོས་གྲངས་འཛིན་དུ་གསུང་རབ་བཅུག་པ་ཙམ་མིན་པར་བོད་ཀྱི་རིག་གཞུང་གི་བླ་སྲོག་གཅེས་ཉར་བྱེད་བཞིན་པ་རེད་ཅེས་དྲན་སྐུལ་གནང་གི་འདུག

སྔ་ལོ་ལས་གཞི་འདིའི་ནང་ཆོས་སྡེ་དང་རིག་གཞུང་ལྟེ་གནས་ཁག་ ༥༨ མཉམ་ཞུགས་ཀྱིས་ཟབ་སྦྱོང་དང་། འདས་པའི་ཟླ་བ་དྲུག་རིང་ཆོས་སྡེ་དང་རིག་གཞུང་ཚོགས་པ་ ༢༠ ལ་བཤེར་འབེབས་ཀྱི་སྦྱོང་བརྡར་སྤྲད་དེ། དཔེ་ཆ་ཁྲི་བཞི་མ་ཟིན་ཙམ་གྱི་དཀར་ཆག་དང་ཡིག་ཆ་ ༩༠༠ ལྷག་བཤེར་འབེབས་གནང་ཡོད་པ་མ་ཟད། ཚོགས་ཆེན་འདིར་དཀར་ཆག་མཉེན་ཆས་ངོ་སྤྲོད་དང་སྔ་ལོའི་གྲུབ་འབྲས་ངོ་སྤྲོད་བཅས་གནང་འཆར་ཡོད་པ་སོགས། ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ཚོགས་མི་དགོན་སྡེ་དང་རིག་གཞུང་ཚོགས་པ་ ༥༨ ཙམ་ཡོད་པ་ལས། ད་ལྟ་བཞུགས་སྒར་དུ་འཚོག་བཞིན་པའི་ཚོགས་ཆེན་ཐེངས་གཉིས་པ་འདིར། སྐུ་ཚབ་འཐུས་མི་དང་དཔེ་མཛོད་འགན་འཛིན། འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ཚོགས་བཅར་གནང་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།