༄༅༎ཕེརན་སིའི་སྲིད་འཛིན་ནི་ཀོ་ལསི་སར་ཀོ་ཛི་གཟའ་སྤེན་པ་ནས་དབུ་བཙུགས་ཏེ་ཉིན་གྲངས་བཞིའི་རིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་གནང་ཡོད་པ་དང་ ཁོང་གིས་རྒྱ་གར་ནི་རྒྱལ་སྤྱིའི་ནང་གི་ནུས་ལྡན་གྱི་ཡུལ་གྲུ་ཞིག་ཏུ་འགྱུར་བཞིན་པ་ངོས་ལེན་གནང་པ་དང་སྦྲགས་ཕེརནསི་དང་རྒྱ་གར་དབར་རྡུལ་ཕྲན་འཕྲུལ་རིག་ཚོང་བསྒྱུར་གྱི་གན་རྒྱ་གང་མགྱོགས་འཇོག་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་འདུག།
རྒྱ་གར་ནི་འཛམ་གླིང་ནང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་ཤོས་འགྲོ་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་ཞིང་འཛམ་གླིང་ཡུལ་གྲུ་ཆེ་ཁག་གི་དབུ་འཁྲིད་གཅིག་རྗེས་གཉིས་འཐུད་ཀྱི་རྒྱ་གར་ནང་འཚམས་གཟིགས་གནང་སྟེ་ དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་དེང་དུས་ཀྱི་རྒྱ་གར་ཡུལ་གྲུའི་འདིའི་ནང་ཚོང་དང་དཔལ་འབྱོར་གྱི་གོ་སྐབས་ཐོབ་ཐབས་བྱེད་བཞིན་ཡོད་པ་དང་ ཕེརན་སིའི་སྲིད་འཛིན་རྒྱ་གར་དུ་མ་ཕེབས་སྔོན་དབྱིན་ཇིའི་སྲིད་བློན་ཌེ་ལྦིདྲ་ཀེ་མ་རུན་དང་ དེ་རྗེས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་བཅས་འཚམས་གཟིགས་སུ་ཕེབས་ཡོད་ལ་ཕེ་རན་སིའི་སྲིད་འཛིན་གྱི་འཚམས་གཟིགས་གྲུབ་རྗེས་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོ་དང་ར་ཤི་ཡའི་སྲིད་འཛིན་ཌི་མི་ཏྲི་མེརྡ་ལྦེ་རྡེལྦ་སོགས་འཚམས་གཟིགས་སུ་ཕེབས་རྒྱུ་བངས་སྒྲིགས་ཡོད་པ་རེད།
ཕེརན་སིའི་སྲིད་འཛིན་དང་ལྷན་དུ་གཞུང་གི་བློན་ཆེན་ཁག་ཅིག་དང་ཚོང་པའི་འགོ་འཁྲིད་མི་སྣ་སོགས་སྐུ་ཚབ་ཚོགས་པ་ཆེན་པོ་ཞིག་བཅར་ཡོད་ཅིང་ཕེརནསི་ངོས་ནས་རྒྱ་གར་ལ་མྱུར་ཚད་མགྱོགས་པའི་མཁའ་དམག་གནམ་གྲུ་དང་ རྡུལ་ཕྲན་འཕྲུལ་རིག་སོགས་ཌོ་ལར་ཐེར་འབུམ་མང་པོའི་ཚོང་གི་གན་རྒྱ་འཇོག་ཐབས་གནང་རྒྱུ་ཡིན་པ་རེད།།