རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་བཙོན་གྲོལ་གཏོང་དགོས་བ་རྩོམ་པ་པོའི་ཚོགས་པ་ཞིག་གིས་འབོད་སྐུལ་གནང་འདུག
བོད་ཀྱི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་རྒྱ་ནག་གཞུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པར་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཞིག་གིས་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་འདུག
- 2023-03-16
-
-
-
དེ་ཡང་(PEN AMERICA)་ཨ་མི་རི་ཀའི་སྨྱུ་གུ་ཞེས་བའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྤྱི་ཚོགས་དྲྭ་ལམ་(twitter)་བརྒྱུད། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་ཟངས་དཀར་འཇམ་དབྱངས་ལགས་ཀྱི་གནས་ཚུལ་ལུང་འདྲེན་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་སུ་དྲྭ་རྒྱ་བརྒྱུད་ཁ་བྲལ་གྱི་རྣམ་པའི་ཐོག་ནས་གང་བྱུང་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མེན་ཡང་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་བྱས་ཡོད་པར་ཐུགས་འཚབ་ཡོད་པ་གསལ་སྟོན་དང་མཉམ། སྤྱི་ཚོགས་དྲྭ་ལམ་བརྒྱུད་གླེང་མོལ་བྱེད་པ་ནི་ནག་ཉེས་གང་ཡང་མིན་པས་ཁོང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་བྱེད་འཇུག་དགོས་པ་མ་ཟད། ཁྲིམས་རྩོད་པའི་མཐུན་རྐྱེན་ཡོད་པའི་ཐོག་ནས་ཁྲིམས་བཤེར་བྱེད་དགོས་བ་བྲིས་འདུག
PEN America is outraged by the news that Tibetan writer Zangkar Jamyang is reportedly serving a four year sentence at Menyang Prison in Chengdu, Sichuan Province for “splittism and spreading rumors in internet chat groups.” (1/4) https://t.co/FuPIWF8J2Q #ZangkarJamyang
— PEN America (@PENamerica) March 14, 2023
རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་བཙོན་འཇུག་བྱས་པའི་གནས་ཚུལ་དེ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་༣ཚེས་༡༣ཉིན་སྤེལ་ཡོད་ལ། ཁོང་དེ་སྔ་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན། ཟི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་གྱི་ཁྱུང་ཆུ་རྫོང་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་རྩོམ་པ་པོ་དང་ཁུལ་དེར་ཕྱི་རྒྱལ་ཡུལ་སྐོར་བ་སྣེ་ཤན་སྐད་བསྒྱུར་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་སྤྱི་ཚོགས་དྲྭ་ལམ་སྐད་འཕྲིན་སོགས་བརྒྱུད་ནས་སྐད་ཆ་འདྲ་མིན་བཤད་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་ནའང་དུས་ཡུན་རིང་པོར་ཁོང་གར་ཡོད་ཀྱི་གནས་ཚུལ་ནང་མི་ཚོས་ཤེས་རྟོག་བྱུང་མེད་པ་རེད།
ཤེས་རྟོགས་བྱུང་པར་གཞིགས་ན། ཟངས་དཀར་འཇམ་དབྱངས་སམ་ཟངས་དཀར་མྱི་ལྡིང་ལགས་ཀྱིས་དེ་སྔ་ཨ་མི་རི་ཀའི་(TRUCE)་དགེ་རྩ་ཁང་གི་ཆེད་ཕྱག་ལས་གནང་མྱོང་ཡོད་ཅིང་། རྒྱ་གར་རྡ་རམ་ས་ལའི་གསོག་སྒར་སློབ་གྲྭ་འམ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།