བོད་རིག་པའི་མཁས་དབང་དང་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་དགུང་ལོ་༧༡སྟེང་སྐུ་གཤེགས་ཡོད་འདུག

2023.02.27
བོད་རིག་པའི་མཁས་དབང་དང་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་དགུང་ལོ་༧༡སྟེང་སྐུ་གཤེགས་ཡོད་འདུག སློབ་དཔོན་སངས་རྒྱས་ལགས་།
བོད་འབྱོར།

ཕྱི་ཟླ་༢ཚེས་༢༦ཉིན་མཚོ་སྔོན་རེབ་གོང་ཐུན་རིན་ནས་ཡིན་པ་བོད་རིག་པའི་མཁས་དབང་དང་ལོ་ཙཱ་བ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་འགན་འཛིན་དང་། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ནད་གཞི་རྙིང་པ་ཞིག་ལ་རྐྱེན་བྱས་ཏེ་དགུངས་ལོ་༧༡སྟེང་སྐུ་གཤེགས་ཡོད་པ་དང་། དགེ་རྒན་ཁོང་ནི་མི་ཚེ་ཧྲིལ་བོར་སེམས་ཤུགས་ཆེན་པོས་བོད་ཀྱི་རིག་གནས་ལ་འབད་བརྩོན་དང་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེན་པོ་ཅན་ཞིག་ཡིན་པ་དང་། ཐེངས་འདིར་ཁོང་རེབ་གོང་དུ་སྐུ་གཤེགས་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

སློབ་དཔོན་སངས་རྒྱས་ལགས་ནས་བོད་ཀྱི་རིག་གནས་དང་འབྲེལ་བའི་འབྲི་རྩོམ་དང་དཔར་སྐྲུན་དཔེ་དེབ་ལ། ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་དང་། བོད་ཀྱི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས། རྗེ་ཙོང་ཁ་པའི་གསུང་འབུམ་དང་། རྗེ་ཤར་གདོང་རིན་པོ་ཆེའི་གསུང་འབུམ། དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ། བོད་བརྒྱད་ནང་བསྟན་ལྷ་ཚོགས་ཆེན་མོ། དེང་རབས་རྒྱ་ཡིག་ཚིག་མཛོད་དང་། བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ་སོགས་དཔར་སྐྲུན་དང་གནང་ཡོད་པ་དང་། སྒྲུང་གཏམ་གསར་རྩོམ་ལ་ཤེས་བྱ་མུན་སེལ་སྒྲོན་མེ་དང་། སྒྱུར་རྩོམ་ལ་མཛངས་བླུན་ཞེས་བྱ་བའི་མདོ་བསྒྱུར་ཅིང་ཞུས་མཆན་བཏབ་པ། གཞན་ཡང་དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས་སོགས་ཡོད་འདུག། ཐེངས་འདིར་ཁོང་སྐུ་གཤེགས་པར་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྗེས་དྲན་དང་མྱ་ངན་གྱི་ཡིག་རིགས་དང་པར་རིས་སོགས་ཤུགས་ཆེར་སྤེལ་བཞིན་འདུག

book.jpg

གཞན་ཡང་ཁོང་གིས་ཕྱི་ལོ་༡༩༩༡ལོ་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་དང་གངས་རྒྱན་ན་ཆུང་ཚགས་པར་གྱི་གཙོ་སྒྲིག་པ། བོད་ཀྱི་དུས་དེབ་གྲགས་ཅན་སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་འགན་ཡང་བཞེས་ཡོད་པ་དང་། ཕྱི་ལོ་༢༠༢༢ལོར་ཁོང་ལ་རྒྱ་ནག་རྒྱལ་ཡོངས་ལོ་ཙཱ་པའི་མཐུན་ཚོགས་ཀྱིས་བསླབ་པ་ཟབ་པའི་ལོ་ཙཱ་པ་ཞེས་པའི་མཚན་སྙན་གནང་ཡོད་པ་དང་། དེ་བཞིན་ཁོང་ལ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ་བཅས་ཀྱི་གོ་གནས་སྤྲད་ཡོད་པ་དང་། བོད་མི་ཞིག་གིས་སྤྱི་ཚོགས་དྲ་ལམ་སྟེང་སྐུ་ཉིད་ཕེབས་སོང་མོད་ཉིད་ཀྱི་མཛད་རྗེས་གངས་རིའི་ལྗོངས་ན་གྲགས་དང་། ཡང་གཞན་ཞིག་གིས་བོད་ཀྱི་རིག་པའི་དཔའ་བོ་དང་རིག་གནས་ཀྱི་སྲོག་ཤིང་ཁྱེད་བཞུད་སོང་བར་མྱ་ངན་ཞུ་སོགས་བྲིས་འདུག  

སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ནི་ཕྱི་ལོ་༡༩༥༡ལོར་སྐུ་འཁྲུངས་ཤིང་། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་མཚོ་སྔོན་ཞིང་ཆེན་སྤྱི་པའི་སློབ་གྲྭ་སོགས་འགྲིམས་ཤིང་། ཕྱི་ལོ་༡༩༧༥ལོར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཕྱི་ལོ་༡༩༨༡ལོར་སློབ་ཆེན་དེ་ནས་བོད་ཀྱི་རྩོམ་རིག་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མཐར་ཕྱིན་རྗེས། ཕྱི་ལོ་༡༩༨༦ལོ་ནས་བཟུང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་འགན་འཛིན་དང་། ལོ་དེར་ཁོང་རྒྱ་ནག་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ལྷན་ཁང་གི་ཚོགས་མི་དང་། རྒྱ་ནག་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་བའི་ལོ་ཙཱ་ཞིབ་བཤེར་གཏན་འབེབ་ཆེད་མཁས་པའི་ཕྱག་ལས་སོགས་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎