ནུབ་ཕྱོགས་ཡུལ་གྲུ་ཚོས་ར་ཤི་ཡ་ལ་ཉེན་བརྡ་བཏང་ཡོད་པ།
2014.03.15

༅༎སང་ཉིན་གཟའ་ཉི་མའི་ཉིན་ཡུཀ་རེན་གྱི་མངའ་ཁོངས་རང་སྐྱོང་སྤྱི་མཐུན་མངའ་ཁུལ་ ཀིརི་མི་ཡའི་ ནང་མངའ་ཁུལ་འདི་ར་ཤི་ཡའི་ཁོངས་སུ་འགྲོའམ་ཡང་ན་ཡུཀ་རེན་གྱི་ཁོངས་སུ་སྡོད་དེ་རང་སྐྱོང་གི་གནས་བབས་མཐོ་བ་དགོས་མིན་གྱི་མང་མོས་བསམ་ཤོག་འཕེན་པའི་འོས་བསྡུ་བྱ་རྒྱུ་ཡིན་ཞིང་། གལ་ཏེ་ར་ཤི་ཡའི་ཁོངས་སུ་འགྲོ་རྒྱུའི་ཐག་གཅོད་འབྱུང་ཚེ་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཚོས་ར་ཤི་ཡའི་ཐོག་ཚོང་དང་དཔལ་འབྱོར་གྱི་ཉེས་ཆད་བཀལ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་ར་ཤི་ཡའི་དཔལ་འབྱོར་བློན་ཆེན་ Alexei Ulyukayev གྱིས་དཔལ་འབྱོར་ཉེས་ཆད་ཀྱི་དབང་གིས་ར་ཤི་ཡའི་དཔལ་འབྱོར་གྱི་གནས་བབས་ལ་ཤུགས་རྐྱེན་ཆེ་བ་གང་ཡང་འབྱུང་རྒྱུ་མིན་པ་གསུངས་འདུག།
འོན་ཀྱང་ར་ཤི་ཡའི་ནང་མ་རྩ་ཡོད་མཁན་གྱི་ཚོང་པ་ཚོར་ནུབ་ཕྱོགས་ཡུལ་གྲུ་ཚོས་ར་ཤི་ཡའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་བཀལ་བའི་རྗེས་ཀྱི་ར་ཤི་ཡའི་དཔལ་འབྱོར་གནས་སྟངས་ཐོག་དོ་ཕོགས་འབྱུང་སྲིད་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བ་སྟེ་ཕྱི་ཚེས་ ༡༧ ཉིན་ཨ་མི་རི་ཀ་དང་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ནས་མོསི་ཀོས་ཡུཀ་རེན་གྱི་ས་ཁོངས་ནས་དམག་དཔུང་ཕྱིར་འཐེན་དགོས་རྒྱུར་དམིགས་ཏེ་དཔལ་འབྱོར་གྱི་ཉེས་ཆད་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་བྱེད་འཆར་ཡོད་ཅིང་། དེའི་ཁོངས་སུ་ཐོག་མར་ར་ཤི་ཡའི་དཔོན་རིགས་ཁག་གཅིག་གི་མཁར་དབང་ཡོ་རོབ་དང་ཨ་མི་རི་ཀའི་ནང་ཡོད་པ་ཁག་ལ་དམ་དྲག་དང་ཁོང་ཚོ་ཡོ་རོབ་དང་ཨ་མི་རི་ཀའི་ནང་བསྐྱོད་རྒྱུའི་ཐོངས་མཆན་ཝི་ས་སྤྲོད་མིན་ཐད་དམ་དྲག་བྱེད་རྒྱུ་ཡིན་འདུག།
ར་ཤི་ཡའི་དཔལ་འབྱོར་བློན་ཆེན་ ཨུལ་ཡུ་ཀ་ཡེཝ་གྱིས་ ཆབ་སྲིད་བ་རླབས་ཕར་འགྲོ་ཚུར་འོང་ཡོང་རྒྱུ་ཡིན་ཡང་། ཚོང་ལས་མཉམ་འབྲེལ་མུ་འཐུད་གནས་ཀྱི་རེད། དེར་བརྟེན་ང་ཚོའི་ངོས་ནས་ཨ་མི་རི་ཀ་དང་ཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ་ཕན་ནུས་ལྡན་པ་ཞིག་གི་ཐོག་སླར་ཡང་གང་མགྱོགས་བསྐྱོད་ཐུབ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་བཞིན་པ་ཡིན་ཞེས་གསུངས་འདུག།
གསར་འགོད་པ་སྐལ་ལྡན་བློ་གྲོས།