ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད། ཟམ་གདོང་རིན་པོ་ཆེ་མཆོག་གིས།

2021.04.08
ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད། ཟམ་གདོང་རིན་པོ་ཆེ་མཆོག་གིས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ།
དྲ་བཤུས།/VOT

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག
ཉེ་ལམ་སྤྱི་ཟླ་༣པའི་ཚེས་༢༥ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཀྱི་ཐོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་བཅས་གསུམ་པོ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བ་ནས་བཟུང་། ད་བར་བོད་མིའི་སྤྱི་ཚོགས་ཁྲོད་གླེང་སློང་རིམ་པར་བྱུང་བཞིན་པ་དང་། འདི་ཚེས་༨ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལགས་སུ་ནོར་ཝེ་རླུང་བོད་ཀྱི་རླུང་འཕྲིན་ཁང་ནས་བཅར་འདྲི་ཞུས་པ་ཞིག་གི་ནང་། རིན་པོ་ཆེ་ཡིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༤པ་སྟེ། “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག་”ཅེས་ལུང་འདྲེན་གྱིས། ཁྲིམས་ཞིབ་པ་གསུམ་ལས་གང་རུང་འཕོ་འགྱུར་གཏོང་རྒྱུ་ལས། ཁྲིམས་ཞིབ་པ་རྣམ་སྡེབ་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད་པ་དང་། གལ་ཏེ་ཁྲིམས་ཞིབ་པ་གསུམ་པོ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བ་ཡིན་ན། ཁྲིམས་ཞིབ་ཁང་མེད་པ་ཆགས་འགྲོ་ཡི་ཡོད་པ་ཅེས་འགྲེལ་བརྗོད་གནང་འདུག
ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས། ད་ལྟའི་གནས་སྐབས་ལ་བོད་མིའི་སྒྲིག་འཛུགས་དེ་གཞི་རིམ་གྱི་ཁྲིམས་ཀྱི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དང་། བཅའ་ཁྲིམས་སྦོ་ལུག་པ་ལྟ་བུ་ཆགས་ཡོད། མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་དེ་ཡང་ཆ་ཚང་བ་ཞིག་ད་ལྟ་བསྡད་མེད། འདི་འདྲའི་གནས་སྐབས་ལ་འགན་དེ་རྒྱ་ཆེའི་མང་ཚོགས་ནས་འཁུར་དགོས་ཅེས་དང་། སྤྱིར་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུ་དེ་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་ཚོགས་གཞོན་བཅས་འཕོ་འགྱུར་གཏོང་རྒྱུ་ལས་ཀྱང་དཀའ་ལས་ཁག་བ་ཡོད་པར་བརྟེན། བཅའ་ཁྲིམས་དོན་ཚན་༥༤ པ་ལུང་འདྲེན་གྱིས་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་མ་བཏང་སྔོན་ལ་ཚོགས་ཆུང་ཞིག་ངེས་པར་དུ་བཙུགས་དགོས་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་བཅའ་ཁྲིམས་ཟེར་བ་དེ་ཁྲིམས་ཐམས་ཅད་ཀྱི་གཞི་རྩ་ལྟ་བུ་ཡིན་པས། དོན་ཚན་མང་པོ་ཞིག་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པ་མ་ཟད། གོ་དོན་ལེན་པའི་སྐབས་བཅའ་ཁྲིམས་ཀྱི་རྒྱབ་ལྗོངས་དང་སྙིང་བསྡུས་ག་རེད་ཡིན་མིན་སྐོར་ངེས་པར་དུ་མཁྱེན་དགོས་ཅེས་དང་། བཅའ་ཁྲིམས་དོན་༦༧པ་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་བཅས་ལུང་འདྲེན་གྱིས། (Suo moto)འམ་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་དེ་གཏན་འབེབས་ལག་བསྟར་གྱི་དབང་ཚད་ནི་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་ཡོད་པ་རེད།

གཞན་ཡང་ད་རེས་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གིས་ཁྲིམས་ཞིབ་པ་རྣམ་འཕོ་འགྱུར་དང་འབྲེལ་བའི་བཀའ་སློབ་འདི་ཐོན་པའི་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས། བཅའ་ཁྲིམས་དོན་ཚན་༤༩གཙོས་པའི་གོ་བ་ལེན་སྟངས་ཐད་རང་ཉིད་ལ་ནོར་འཁྲུལ་བྱུང་འདུག་ན། སྙིང་ཁོང་རུས་པའི་གཏིང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། བོད་མི་མང་བཅས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད། སྐབས་༡༦པའི་སྤྱི་འཐུས་ཀྱི་ལས་འགན་ནས་ཀྱང་དགོངས་པ་ཞུས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།
གསར་འགོད་པ་ཚོས་གོང་ཞུས་ཟམ་གདོང་རིན་པོ་མཆོག་གི་བཀའ་སློབ་འདི་དང་། སྤྱི་འཐུས་རྒྱུན་ལས་ཁོང་གི་དགོངས་ཞུ་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་མཆོག་ལ་བཅར་འདྲི་དང་ལེན་ཡོང་བར་རེ་འདུན་ཞུས་ཀྱང་ངོས་ལེན་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎